
སྤྱི་ཟླ་ ༩ པའི་ཚེས་ ༧ ལུ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་སྦེ་ དེང་དུས་དང་བསྟུན་པའི་ མཐུན་རྐྱེན་ཡོད་མི་ དོན་ཧིང་ཞབས་ཏོག་ལྟེ་བ་ཅིག་ གསོ་བའི་བློན་པོ་ དྲག་ཤོས་བདེ་ཆེན་དབང་མོ་གིས་ སྒོ་འབྱེད་མཛད་ནུག།
དེ་ཡང་ རྒྱལ་ཁབ་ནང་ འགོ་དང་པ་ དོན་ཧིང་ཞབས་ཏོག་ལྟེ་བ་དེ་ གཞི་བཙུགས་འབད་ནི་དེ་གིས་ ད་ལས་ཕར་ དོན་ཧིང་དང་འབྲེལ་བའི་ ནད་གཞི་ཡོད་མི་ འབྲུག་མི་ཚུ་ སྨན་བཅོས་ཀྱི་དོན་ལས་ ཕྱི་རྒྱལ་ལུ་ འགྱོ་མི་དགོ་ནི་ཨིན་པས།
དེ་བཟུམ་མའི་ འབྱུང་རབས་ཅན་གྱི་ ཞབས་ཏོག་ལྟེ་བ་དེ་ གཞི་བཙུགས་ཀྱི་དོན་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ བུ་ལུ་པ་ལ་ནེཏ་ གཟེགས་རྟགས་ཀྱི་ མ་དངུལ་དེ་ གསོལ་རས་སྦེ་ གནང་མི་འདི་ལུ་ ཧིང་དྭངས་མའི་དཀྱིལ་ལས་ར་ བཀྲིན་དགའ་ཚོར་དང་ གུས་བཏུད་ཡོད་ཟེར་ གསོ་བའི་བློན་པོ་གིས་ སྒོ་འབྱེད་རྟེན་སྐབས་ལུ་གསུངས་ནུག།
ཞབས་ཏོག་ལྟེ་བ་དེ་ རྒྱལ་ཁབ་ནང་ དོན་ཧིང་གི་ ནད་གཞི་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་མི་ ཡར་སེང་འགྱོ་བའི་ ནམ་དུས་ལུ་ གཞི་བཙུགས་འབད་བའི་ཁར་ གསོ་བའི་ལས་དོན་ནང་ དྲན་རྟགས་ཅན་ཅིག་ཡང་ཨིན་ཟེར་ གསོ་བའི་བློན་པོ་གིས་ གསུངསམ་ཨིན་པས།
དོན་ཧིང་ལྟེ་བའི་ ཞབས་ཏོག་དེ་ལུ་བརྟེན་ཏེ་ དོན་ཧིང་དང་འབྲེལ་བའི་ ནད་གཞི་མ་འདྲཝ་ཚུ་ བར་འཛུལ་དང་ འཛིན་སྐྱོང་ཐོག་ལས་ སྲོག་སྐྱབས་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་ཟེར་ཡང་ གསུངས་ཡོད་པའི་གནས་ཚུལ།





Users Today : 1342
Users Yesterday : 1303
This Month : 67013
This Year : 295854
Total Users : 1007671
Views Today : 3261
Total views : 2929293
Who's Online : 9