
བི་བི་སི།
རྒྱ་པཱན་ལུ་ ལས་དོན་སྦོམ་ཤོས་དང་ རྙིང་ཤོས་ཅིག་ཨིན་མི་ ཏོ་ཤི་བ་ཚོང་སྡེ་གིས་ ལོ་ངོ་ ༧༤ གི་རིང་ལུ་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་འབྲེལ་ལག་ལེན་འཐབ་མི་དེ་ མ་རྩ་གཞི་བཙུགས་འབད་མི་ སྡེ་ཚན་ཅིག་གིས་ ཉོ་སྒྲུབ་འབད་ཡོདཔ་ལས་ ཏོ་ཤི་བའི་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་འབྲེལ་དེ་ མཇུག་བསྡོམས་འབད་ནུག།
དེ་ཡང་ ཏོ་ཤི་བ་ཚོང་སྡེ་གིས་ རྒྱ་པཱན་བཟོ་གྲྭ་མཉམ་རོགས་ཟེར་མི་ སྒེར་སྡེའི་འགོ་ཁྲིད་ཐོག་ལས་ མ་རྩ་གཞི་བཙུགས་འབད་མི་ མཉམ་བསྡོམས་འབད་དེ་ ཏོ་ཤི་བ་ཚོང་སྡེའི་ བགོ་བཤའ་བརྒྱ་ཆ་ ༧༨.༦༥ ཉོ་སྒྲུབ་འབད་ཡི་ཟེར་ཨིན་པས།
དེ་སྦེ་ ཉོ་སྒྲུབ་འབད་མི་ལུ་ ཏོ་ཤི་བ་ཚོང་སྡེའི་ བགོ་བཤའ་གསུམ་དཔྱ་ ༢ ལས་ལྷག་པའི་ བདག་དབང་ཡོདཔ་ལས་ ཉོ་སྒྲུབ་འབད་མི་གིས་ ཌོ་ལར་ཐེར་འབུམ་ ༡༤ སྤྲོད་དེ་ སྒེར་སྡེའི་དབང་ཆའི་འོག་ལུ་ བཙུགས་ཆོག་ནི་ཨིན་པས།
ཏོ་ཤི་བ་ཚོང་སྡེ་དེ་ ཆུ་ཚོད་འཁོར་ལོ་དང་ འཕྲུལ་རྩེད་ཨ་ལོ་ཚུ་ བཟོ་མི་སྦེ་ སྤྱི་ལོ་ ༡༨༧༥ ལུ་ གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་ ༡༩༤༩ ལས་ཚུར་ བདོག་གཏད་དངུལ་སྒྱུར་གྱི་ ཚོང་ལཱ་འབད་ནི་ འགོ་བཙུགས་ནུག།
ཚོང་སྡེ་དེ་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཏ་རོ་ཤི་མ་ཌ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཏོ་ཤི་བ་ཚོང་སྡེའི་ ཁ་ཐུག་ལས་ མ་འོངས་པའི་དོན་ལུ་ བགོ་བཤའ་འཆང་མི་གསརཔ་ཚུ་བཙུགས་ཏེ་ ལག་ལེན་འཐབ་དགོ་ནི་མས་ཟེར་ཨིནམ་ད་ ཁོང་གི་བགོ་བཤའི་ཐོག་ལུ་ གློག་འཕྲུལ་ནང་ཆས་ལས་ འགོ་བཟུང་སྟེ་ རྡུལ་ཕྲན་ནུས་ཤུགས་ཀྱི་ འཕྲུལ་ཁང་ཚུན་གྱི་ སྡེ་ཚན་ཚུ་ཡོདཔ་ལས་ འཛམ་གླིང་དམག་ཆེན་ ༢ པའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་བསྐྱར་གསོའི་ནང་ རྩ་ཅན་ཅིག་ལུ་ གྱུར་ཡོད་རུང་ འཕྲལ་ཁམས་ཀྱི་ ལོ་ཚུ་ནང་ ཚོང་སྡེ་དེ་ལུ་ དོ་འགྲན་དག་པ་ཅིག་ར་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༥ ལུ་ ཁེ་འབབ་རྩིས་ཁྲའི་ནང་ ལོ་ ༦ གི་ ཁེ་འབབ་ངོ་མ་ལས་ ཌོ་ལར་ཐེར་འབུམ་ ༡ ལྷགཔ་ཅིག་ ཐེབ་བཙུགས་ཡོདཔ་ལས་ ཉེས་ཆད་ཌོ་ལར་ཐེར་འབུམ་ ༧.༧ བཏབ་དགོཔ་ཐོན་ནུག།
ཏོ་ཤི་བ་དེ་ རྒྱ་པཱན་གཞུང་དང་ མི་སེར་ལེ་ཤ་ཅིག་གིས་ ཚོང་སྡེ་གཙོ་བོ་སྦེ་ བརྩི་འཇོག་འབད་རུང་ འོང་འབབ་ཀྱི་ དོ་འགྲན་ཚུ་ཐོན་ཏེ་ ལས་ཚན་ཁག་ ༢ ལུ་ བགོ་བཤའ་རྐྱབ་ནི་གི་ འཆར་གཞི་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1188
Users Yesterday : 1303
This Month : 66860
This Year : 295701
Total Users : 1007517
Views Today : 2872
Total views : 2928904
Who's Online : 9