
དུས་ཅི་ རང་ཟླ་ ༨ པའི་ཚེས་ ༨ སྤྱི་ཟླ་ ༩ པའི་ཚེས་ ༢༣ ལུ་ ཕྱི་རོའི་ཆུ་ཚོད་ ༦ དང་ སྐར་མ་ ༤༩ ལས་ ལོ་བསྟར་ཁྲུས་འབབ་འདི་ འགོ་བཙུགསཔ་བཞིན་དུ་ བདུན་ཕྲག་ ༡ གི་རིང་ལུ་ ཆུ་ཆེ་འབྲིང་ཆུང་ ༣ ག་ར་ བདུད་རྩིའི་རང་བཞིན་ལུ་ འགྱུརཝ་ཨིན་པས།
དེ་འབདཝ་ལས་ ཁྲུས་འབབ་ཀྱི་ཉིན་མར་ ཆུ་འཁྱུ་བ་ཅིན་ ང་བཅས་རའི་ ལུས་ངག་ཡིད་ ༣ གྱི་ སྡིག་སྒྲིབ་ཚུ་འདག་སྟེ་ བསམ་དོན་ག་ར་འགྲུབ་པའི་ རྟེན་འབྲེལ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཁྲུས་སྐར་དེ་ བྱང་ཁ་ཐུག་ལས་ ཤར་ནི་དེ་གིས་ ཆུ་འཁྱུ་བའི་སྐབས་ལུ་ ང་བཅས་རའི་ གདོང་ཕྱོགས་འདི་ བྱང་ཁ་ཐུག་ལུ་ སྟོན་པ་ཅིན་ ལེགས་ཤོམ་འོང་ཟེར་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ གསུངས་བཞག་ནུག།
ཁྲུས་འབབ་ཀྱི་སྐོར་ལས་ ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ སྔོན་གྱི་དུས་ལུ་ འཇིག་རྟེན་གྱི་ཁམས་འདི་ རིམ་པ་བཞིན་དུ་ ཆགས་ཚར་བའི་ཤུལ་ལས་ སེམས་ཅན་སྤྱི་མཐུན་གྱི་ ལས་དབང་དང་ བསོད་ནམས་ལུ་བརྟེན་ཏེ་ ཉི་ཟླ་སྐར་ ༣ ཡང་ འཇིག་རྟེན་འདི་ནང་ བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ངོ་བོ་ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་ སྐར་མ་རི་ཥིའམ་ ཁྲུས་སྐར་དེ་ཡང་ བྱུང་ཡོདཔ་བཞིན་དུ་ ཁྲུས་སྐར་དེ་ ཧེ་མར་ རྒྱ་གར་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་སྦུག་ན་ དྲང་སྲོང་བདེན་པ་གྲུབ་པ་ཚུ་གིས་ རིན་པོ་ཆེ་སྣ་ཚོགས་ལས་ རྒྱལ་བ་རྣམ་པར་སྣང་མཛད་ཀྱི་ སྐུ་འདྲ་ཅིག་ བཞེངས་ཏེ་ཡོད་མིའི་ དབུའི་གཙུག་ཏོར་ཡང་ ནོར་བུ་ཆུ་ཤེལ་ལས་ གྲུབ་ནི་དེ་གིས་ ལོ་བསྟར་བཞིན་དུ་ རང་ཟླ་ ༨ པའི་ དབུགས་ཐོབ་མི་དང་བསྟུན་ཏེ་ རྒྱུ་སྐར་རི་ཥི་དེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་གྱི་ གནམ་ཐད་ལས་ འགྲུལ་སྐྱོད་འབདཝ་ཨིན་ཟེར་གསུངས་ནུག།
དེ་སྦེ་ འགྲུལ་སྐྱོད་འབད་དེ་ རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ འབྱིད་ཚུགས་ཚུགས་ལུ་ ཉིན་ཞག་ ༧ གྱི་རིང་ལུ་ འགོར་དོ་ཡོདཔ་ད་ དེ་བསྒང་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གི་ ཐུགས་བསྐྱེད་སྨོན་ལམ་དང་ དྲང་སྲོང་ཚུ་གི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་ བསོད་ནམས་ལུ་བརྟེན་ཏེ་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ ཆུ་ཤེལ་གྱི་ རང་བཞིན་ཅན་ལས་ བདུན་ཕྲག་ ༡ གི་རིང་ལུ་ བདུད་རྩི་འབབ་ཨིན་པས།
དེ་འབདཝ་ལས་ ཁྲུས་འབབ་ཀྱི་སྐབས་ལུ་ ཆུ་འཁྱུ་བ་ཅིན་ ཚེ་འཁོར་བ་ཐོག་མ་མེད་པ་ལས་བསགས་པའི་ ལས་ངན་སྡིག་སྒྲིབ་ཚུ་ དག་ཚུགས་ནི་ཨིནམ་ལས་ ཤའི་རིགས་ཚུ་ སྤང་ཚུགས་པ་ཅིན་ ལེགས་ཤོམ་ཨིན་ཟེར་ རྩིསཔ་ཚུ་གིས་ བཤད་ནི་འདུག།
ག་དེ་སྦེ་ར་ཨིན་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ ཁྲུས་འབབ་ཀྱི་ཉིན་མར་ གཞུང་སྒེར་གྱི་ ཡིག་ཚང་ཚུ་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་དོ་ཡོདཔ་ད་ ཁྲུས་འབབ་ཀྱི་ཉིན་མ་ལས་ གནམ་བྱཱར་གྱི་ དུས་ཚོད་རྫོགས་ཏེ་ གནམ་དགུན་གྱི་ དུས་ཚོད་ཡང་ ཤརཝ་ཨིན་པའི་གནས་ཚུལ།






Users Today : 1361
Users Yesterday : 1303
This Month : 67033
This Year : 295874
Total Users : 1007690
Views Today : 3339
Total views : 2929371
Who's Online : 9