རྒྱ་ནག་གིས་ ཨཱཛ་ཊེ་ལི་ཡའི་ སྲིད་དོན་མི་ངོམ་ཚུ་ ཏ་ཡེ་ཝཱན་ལུ་སོང་སྟེ་ རྒྱ་ནག་དང་གཅིག་ཁར་ཡོད་མི་ མཐུན་ལམ་མེདཔ་མ་བཏང་ཟེར་བའི་ཉེན་བརྡ།

ཨེ་བི་སི།
སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ རྒྱ་ནག་གཞུང་ཚབ་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་དག་པ་ཅིག་ ཏ་ཡེ་ཝཱན་ལུ་ སོང་ཡོདཔ་ལས་ ཉེན་བརྡ་འབད་ནུག།
དེ་ཡང་ རྒྱ་ནག་གི་འོག་ལུ་ཨིནམ་སྦེ་ བརྩི་སྲོལ་ཡོད་མི་ ཏ་ཡེ་ཝཱན་དེ་ རྒྱལ་ཁབ་སོ་སོར་ ཕྱེ་ནི་གི་ འཆར་གཞི་བརྩམ་མི་ཚུ་གིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ལུ་ རྒྱུད་བསྐུལ་འབདཝ་མས་ཟེར་ཨིན་པས།
ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཏ་ཡེ་པེ་ལུ་ ཏ་ཡེ་ཝཱན་གྱི་ སྲིད་འཛིན་དང་ ཕྱད་ཡོདཔ་ལས་ རྒྱ་ནག་གཞུང་ཚབ་ཀྱིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ ཁ་ཐུག་ལས་ ཏ་ཡེ་ཝཱན་ལུ་ མ་འགྱོ་བའི་ཧེ་མར་ མནོ་བསམ་ལེགས་ཤོམ་སྦེ་ བཏངམ་དྲག་ཟེར་བའི་ ཉེན་བརྡ་ཡང་འབད་ནུག།
མ་གཞི་ རྒྱ་ནག་གི་ རྒྱ་ནག་གཅིག་ཟེར་མི་ སྲིད་བྱུས་དང་འཁྲིལ་ཏེ་ ཨཱཛ་ཊེ་ལི་ཡ་གིས་ ཏ་ཡེ་ཝཱན་དེ་ རང་དབང་རྒྱལ་ཁབ་སྦེ་ བརྩི་ནི་མེད་རུང་ ལུགས་མཐུན་མིན་པའི་ སྲིད་དོན་གྱི་ འབྲེལ་བ་ཚུ་ འཐབ་འཐབ་ས་ར་ཡོདཔ་ཨིན་པས།
ལེ་བར་སྲིད་ཚོགས་ཀྱི་ སྤྱི་ཚོགས་འཐུས་མི་ ཇོཤ་ཝིལ་སཱན་དང་ སྲིད་ཚོགས་མཉམ་སྡོམ་འཐུས་མི་ པཱོལ་ཕེ་ལེ་ཅར་ ༢ ཏ་ཡེ་ཝཱན་ལུ་ མཉམ་འབྲེལ་གོང་འཕེལ་གྱི་དོན་ལས་ སོང་ཡོདཔ་བཞིན་དུ་ ཝིལ་སཱན་གྱིས་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ཨམ་ཙ་ཡེ་ལུ་ མ་འོངས་པར་ ཨཱཛ་ཊེ་ལི་ཡ་དང་ ཏ་ཡེ་ཝཱན་གྱི་བར་ན་ ཚོང་འབྲེལ་གྱི་མཐུན་ལམ་ སྔར་བ་ལྷགཔ་སྦེ་ སྒྲིང་སྒྲིང་བཟོ་ནི་གི་ བློ་འདོད་ཡོད་ཟེར་བཤད་ནུག།
བདུན་ཕྲག་འདི་ནང་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ཏ་ཡེ་ཝཱན་གྱི་སྲིད་འཛིན་ ཨམ་ཙ་ཡེ་ཨིན་ཝེན་དང་ ཕྱད་ཡོདཔ་མ་ཚད་ ཤུལ་མའི་ཟླཝ་ནང་ཡང་ ཨཱཛ་ཊེ་ལི་ཡའི་ བློན་ཆེན་བགྲེསཔ་ སི་ཀོཊ་མོ་རི་སཱན་གྱིས་ ཏ་ཡེ་ཝཱན་ལུ་སྦེ་ རྒྱ་ནག་ལུ་ སྐྱོན་བརྗོད་ཀྱི་ གསལ་བཤད་འབད་ནི་གི་ ལས་རིམ་ཡོདཔ་ཨིན་པས།
ཨཱཛ་ཊེ་ལི་ཡ་ སིཌ་ནི་ལུ་ཡོད་མི་ རྒྱ་ནག་གཞུང་ཚབ་ ཞི་ཡའོ་ཀི་ཡཱན་གྱིས་ ཨཱཛ་ཊེ་ལི་ཡའི་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ ཏ་ཡེ་ཝཱན་ལུ་འགྱོཝ་ད་ སྲིད་དོན་དང་ འབྲེལ་གཏོགས་ཡོདཔ་ལས་ ཏ་ཡེ་ཝཱན་གྱིས་ རང་དབང་དོན་ལུ་ གཡོག་བཀོལ་སྲིད་ནི་གི་ ཉེན་ཁ་ཡོད་ལུགས་ཚུ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: