མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ དྲང་དཔོན་ ༢ དང་ ཡོངས་ཁྱབ་དྲུང་ཆེན་ ༢ གཞུང་མགྲོན་གཉེར་ཚུ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ མངོན་མཐོ་ཁྲིམས་འདུན་དང་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ ༢ དང་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ དེ་ལས་ གཞུང་མགྲོན་གཉེར་ཚུ་ བསྐོ་བཞག་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དེ་ཡང་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཀུན་ལེགས་ཚེ་རིང་དེ་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་དང་ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱི་ དྲང་དཔོན་གཙོ་འཛིན་ ཀུན་ལེགས་རྣམ་རྒྱལ་དེ་ ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ གསར་བསྐོས་གནང་ཡོདཔ་ཨིན་པས།
དེ་ལས་ འབྲུག་གི་ཤེས་ཚད་དང་ ཁྱད་རིག་ངོ་སྦྱོར་དབང་འཛིན་ནང་ མདོ་ཆེན་སྦེ་ ཕྱག་ཞུ་མི་ གྲུབ་པ་དེ་ རྒྱལ་ཡོངས་ཚོགས་འདུའི་ ཡོངས་ཁྱབ་དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཡོངས་ཁྱབ་དྲུང་ཆེན་ངོ་ཚབ་ བསྟན་འཛིན་འཕྲིན་ལས་དེ་ ཡོངས་ཁྱབ་དྲུང་ཆེན་སྦེ་ གསར་བསྐོས་གནང་ནུག།
དེ་མ་ཚད་ ཕྱི་འབྲེལ་དང་ ཚོང་འབྲེལ་ལྷན་ཁག་ནང་ མགྲོན་སྐྱོང་ལས་འབྲེལ་གཙོ་འཛིན་དང་ མགྲོན་སྐྱོང་དང་ དོན་གཅོད་ཞབས་ཏོག་ལས་ཁུངས་ཀྱི་ འགོ་འཛིན་ལས་་ཚབ་སྦེ་ ཕྱག་ཞུ་མི་ ཨྱོན་ཆོས་འཛོམས་དེ་ གཞུང་མགྲོན་གཉེར་སྦེ་ གསར་བསྐོས་གནང་ཡོད་པའི་གནས་ཚུལ།

Please follow and like us: