ཨི་ཀུ་ཝ་ཌོར་གྱི་ སྲིད་འཛིན་བཙག་འཐུའི་འདེམས་ངོ་ རྐུ་གསོད་རྐྱབ་མིའི་ བརྡ་དོན་སྤྲོད་མི་ལུ་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི།

བི་བི་སི།
སྤྱི་ཟླ་ ༨ པའི་ནང་ ཨི་ཀུ་ཝ་ཌོར་ལུ་ སྲིད་འཛིན་བཙག་འཐུའི་སྐབས་ལུ་ འདེམས་ངོ་ཕར་ནེན་ཌོ་ བི་ལ་བི་སེན་སི་ཡོ་ཟེར་མི་གིས་ ངན་ལྷད་ཀྱི་ རྒྱབ་འགལ་ལུ་ བསྐུལ་བསྒྲགས་འབད་ཡོདཔ་ལས་ ཀྲོབ་མདའ་རྐྱབ་སྟེ་ དམར་བསད་འབད་ནུག།
དེ་ཡང་ ཕར་ནེན་ཌོ་གིས་ བཙག་འཐུའི་ནང་ལས་ ཁོ་གིས་ རྒྱལ་ཁ་འཐོབ་པ་ཅིན་ ངན་ལྷད་དང་ ཉེས་ཅན་གྱི་སྡེ་ཚན་ཚུ་ དབང་གནོན་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ད་ཚུན་གྱི་བར་ན་ ཕར་ནེན་ཌོ་ བསད་ནི་གི་ འཆར་གཞི་བརྩམས་མི་ ག་ཨིན་ན་ བདའ་མ་ཟུན་པར་ཡོདཔ་ལས་ ཡུ་ཨེཛ་གིས་ འཆར་གཞི་བརྩམས་མི་ཚུ་ འཛིན་བཟུང་འབད་ཐབས་ལུ་ བརྡ་དོན་སྤྲོད་མི་རེ་ འཐོན་པ་ཅིན་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༥ གསོལ་རས་བྱིན་ནི་ཨིན་པའི་སྐོར་ལས་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ གསལ་བསྒྲགས་འབད་ནུག།
དེ་མ་ཚད་ ཕར་ནེན་ཌོ་ བསད་ནིའི་ནང་ འབྲེལ་ཡོད་སྡེ་ཚན་གྱི་ འགོ་དཔོན་སྐོར་ལས་ བརྡ་དོན་སྤྲོད་མི་ལུ་ཡང་ ཡུ་ཨེཛ་ཌོ་ལར་ ས་ཡ་ ༡ གསོལ་རས་བྱིན་ནི་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་ ༩ པའི་ཚེས་ ༢༨ ལུ་ ཡུ་ཨེཛ་གི་ རྒྱལ་ཁམས་དྲུང་ཆེན་ ཨེན་ཊོ་ནི་ བི་ལིང་ཀེན་གྱིས་ ཡུ་ཨེཛ་ཁ་ཐུག་ལས་ ཨི་ཀུ་ཝ་ཌོར་གྱི་ མི་སེར་ཚུ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་འབད་དེ་ དྲག་ཐོག་ཉེས་ལཱའི་སྒོ་ལས་ རྒྱལ་ཁབ་དེ་ནང་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྟེན་སྒྲིང་སྒྲིང་མེདཔ་ བཟོ་ཐབས་སྒྲིག་མི་ཚུ་ལུ་ཡང་ དྲང་ཁྲིམས་སྨིན་ནི་ཡོདཔ་ བཟོ་འོང་ཟེར་བཤད་ནུག།
ད་རེས་ ཉེས་ཅན་ཚུ་ འཛིན་བཟུང་གི་དོན་ལས་ ཞིབ་དཔྱད་ཚུ་ཡང་ ཡུ་ཨེཛ་གི་ གསང་ཞིབ་སྡེ་ཚན་ ཨེཕ་བི་ཨའི་གི་ རྒྱབ་སྐྱོར་ཐོག་ལས་ ལག་ལེན་འཐབ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: