རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་ གྲ་སྒྲིག་གི་དོན་ལས་ ཡོངས་ཁྱབ་ཞལ་འཛོམས།

རང་ཟླ་ ༨ པའི་ཚེས་ ༡༧ སྤྱི་ཟླ་ ༡༠ པའི་ཚེས་ ༡ ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༦ ཚུན་ བདུན་ཕྲག་ ༢ ཀྱི་རིང་ལུ་ སྤྱི་ཚོགས་ ༣ པའི་ ཚོགས་ཐེངས་ ༡༠ པ་ འཚོགས་གནང་ནི་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་ གྲ་སྒྲིག་གི་དོན་ལས་ ཚོགས་ཆུང་ཁག་གི་ སྙན་ཞུ་ཚུ་གི་ བརྡ་དོན་ཚུ་ དུས་མཐུན་བཟོ་ཐབས་ལུ་ སྔ་གོང་ཡོངས་ཁྱབ་ཞལ་འཛོམས་ཅིག་ འཚོགས་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་ནང་ ཚོགས་ཆུང་ཁག་གི་ ཁྲི་འཛིན་ཚུ་གིས་ ལས་དོན་ཁག་ ༥ གི་ དུས་མཐུན་སྙན་ཞུ་ཚུ་ཕུལ་ནུག།
དེ་ཡང་ དཔལ་འབྱོར་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་དབང་འདུས་ཀྱིས་ འབྲུག་དང་ བང་ལ་དེཤ་གི་བར་ན་ སྣུམ་འཁོར་འགྲུལ་བསྐྱོད་ཆིངས་ཡིག་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ་ད་ དེ་བཟུམ་སྦེ་ གཞུང་སྐྱོང་ལེགས་ལྡན་གྱི་ཁྲི་འཛིན་ ཕུན་ཚོགས་རབ་བརྟན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུའི་དོན་ཚན་ གལ་ཅན་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་ ཨྱོན་ཚེ་རིང་གིས་ བིམཛ་ཊེག་བཀའ་ཁྲིམས་ཀྱི་ ཁྱད་ཆོས་ཚུ་གི་ དུས་མཐུན་སྙན་ཞུ་ ཕུལ་ཡོདཔ་ད་ མི་སྡེ་དང་ ལམ་སྲོལ་ ཚོགས་ཆུང་གི་ཁྲི་འཛིན་ ཚེ་རིང་མཚོ་མོ་གིས་ དབང་པོ་སྐྱོན་ཅན་ཚུ་གི་ ཐོབ་དབང་གི་ གྲོས་འཛོམས་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ འཚོགས་ཡོད་པའི་ སྙན་ཞུ་ཕུལ་ནུག།
དེ་ལས་ རང་བཞིན་འཐོན་སྐྱེད་དང་ མཐའ་འཁོར་གནས་སྟངས་ཚོགས་ཆུང་གི་ཁྲི་འཛིན་ ཨྱོན་ཚེ་རིང་གིས་ བཀྲིས་གཡང་རྩེ་དང་ བཀྲིས་སྒང་ལུ་ འབྲུག་གི་སྐྱེ་ལྡན་བར་ལམ་དགུ་པའི་ དཔྱད་ཡིག་ ༢༠༢༣ ཅན་མའི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་ནང་ གསུང་གྲོས་བྱུང་མི་ གནད་དོན་གསརཔ་ཚུ་གི་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།
དེ་སྦེ་ སྙན་ཞུ་ཚུ་ ཕུལ་ཚར་བའི་ཤུལ་ལུ་ ཚོགས་ཁང་ནང་ལས་ སྙན་ཞུ་ཚུ་གི་ སྤུས་ཚད་ཡར་དྲག་གི་དོན་ལུ་ གལ་ཆེ་བའི་ བསམ་བཤད་དང་ བསམ་འཆར་ཚུ་ བཀོད་གནང་ནུག།
དེ་མ་ཚད་ སྤྱི་ཟླ་ ༩ པའི་ཚེས་ ༢༩ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་དང་ བརྡ་བརྒྱུད་མགྲིན་ཚབ་ དར་སྒོ་ཚེ་རིང་ལ་གིས་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ཡང་ གནས་ཚུལ་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་བསྒང་ ཚོགས་ཆུང་འདྲ་མིན་ཁག་གི་ ཁྲི་འཛིན་ཚུ་གིས་ ཚོགས་བཞུགས་དེ་ནང་ གསུང་གྲོས་གནང་ནི་སྦེ་ཡོད་མི་ དཔྱད་ཡིག་དང་ ཆིངས་ཡིག་ དེ་ལས་ སྙན་ཞུ་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ གསལ་བཤད་འབད་ཡོད་པའི་གནས་ཚུལ།

Please follow and like us: