
ཨེན་ཌི་ཊི་ཝི།
རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་གྱི་ ས་ཁོངས་ཚུ་ནང་ ཆུ་རུད་ཐོན་པའི་ གནས་སྟངས་དང་འབྲེལ་ཏེ་ གཙོ་འཛིན་བློན་པོ་ ཨམ་མམ་ཏ་བེ་ནར་ཇི་གིས་ མི་གྲངས་ ༡༠,༠༠༠ དེ་ཅིག་ ཉེན་སྐྱོབ་འབད་དེ་ ལྷོ་ཕྱོགས་དང་ བྱང་ཕྱོགས་རྫོང་ཁག་ ༩ གི་ ཉེན་སྲུང་སྡོད་སྒར་ ༡༩༠ གི་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
ནུབ་བེང་གཱལ་གྱི་ བྱང་ཕྱོགས་ས་མཚམས་དེ་ འབྲས་ལྗོངས་མངའ་སྡེ་དང་ སྦྱེལ་ཏེ་ཡོདཔ་ད་ འབྲས་ལྗོངས་ལུ་ཡང་ ཊིཛ་ཏ་གཙང་ཆུའི་ནང་ ཆུ་རུད་ཐོན་ནུག།
གཙོ་འཛིན་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཇཱལ་པའི་གུ་རི་ལུ་ ཊིཛ་ཏ་གཙང་ཆུའི་ ཆུ་བྱག་གི་ ཉེ་འདབས་ལས་ ངོས་འཛིན་མེད་པའི་ ཕུངམོ་ ༣ ཐོབ་ཡོད་མི་ཚུ་ འབྲས་ལྗོངས་ལུ་ཐོན་མི་ ཆུ་རུད་ཀྱི་ རྐྱེན་ངན་ནང་ ཤི་རྐྱེན་བྱུང་མིའི་གྲས་ལས་ འོང་ནི་མས་ཟེར་ཨིན་པས།
དེ་ལས་ ཀ་ལི་ཕུག་དང་ རྡོ་རྗེ་གླིང་ ཇཱལ་པའི་གུ་རི་ ཀུཆ་བི་ཧར་ རྫོང་ཁག་ཚུ་གི་ནང་ལས་ཡང་ མི་གྲངས་ ༥,༨༠༠ དེ་ཅིག་ ཉེན་སྲུང་ས་ཁོངས་ནང་ བསྐྱལ་ཡོདཔ་ད་ དེ་བཟུམ་སྦེ་ ལྷོ་ཕྱོགས་རྫོང་ཁག་ ཧའོ་ར་དང་ ཧུག་ལི་ པཱཛ་ཅིམ་ མེ་དི་ནི་པུར་ པུ་རུ་ལི་ཡ་དང་ བང་ཀུ་ར་ཚུ་གི་ནང་ལས་ཡང་ མི་གྲངས་ ༥,༠༡༨ དེ་ཅིག་ ཉེན་སྲུང་ས་ཁོངས་ནང་ བསྐྱལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1287
Users Yesterday : 1303
This Month : 66959
This Year : 295800
Total Users : 1007616
Views Today : 3110
Total views : 2929142
Who's Online : 12