
བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༦ ལུ་ སི་རི་ཡའི་ ནུབ་ཕྱོགས་ཁྲོམ་ཧྡེ་ ཧོམཛ་ཟེར་སར་ དམག་མིའི་འགོ་དཔོན་ཚུ་གི་ སྦྱོང་བརྡར་ཁང་ནང་ མཁའ་དམག་གནམ་གྲུ་ཆུང་བ་ ཌྲཱོན་གྱི་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ དམག་མིའི་འགོ་དཔོན་ཚུ་གི་ སྦྱོང་བརྡར་མཐར་འཁྱོལ་དུས་སྟོན་ བརྩི་སྲུང་འབད་སར་ རྫས་བམ་ཚུ་ བཀལ་ཏེ་ཡོད་མི་ གནམ་གྲུ་ཆུང་བ་ ཌྲཱོན་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་བའི་སྐབས་ལུ་ སྦྱོང་བརྡར་ཁང་ནང་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་གིས་མ་དོ་བར་ ཁོང་གི་བཟའ་ཚང་ ཨམ་སྲུ་དང་ ཨ་ལོ་ཚུ་ཡང་ སྡོད་ཡོདཔ་ཨིན་པས།
དེ་བཟུམ་མའི་ བྱ་ངན་འབད་མི་དེ་ རྒྱལ་སྤྱིའི་སྡེ་ཚན་ཚུ་གིས་ རྒྱབ་སྐྱོར་འབད་དེ་ཡོད་མི་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ལུ་ ཁ་ཉེས་བཀལ་ཡོད་རུང་ ངོ་ལོགཔ་སྡེ་ཚན་ ག་གིས་ཡང་ ངོས་ལེན་འབད་མ་བཏུབ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ བྱ་ངན་དེ་ ཁྲིམས་འགལ་ཅིག་འབདཝ་ལས་ ཁོང་གི་ཁ་ཐུག་ལས་ དྲག་ཐོག་དབང་བཙོང་གི་ སྡེ་ཚན་ཚུ་ ག་ཏེ་ར་ཡོད་རུང་ སྟོབས་ཤུགས་ཀྱི་སྒོ་ལས་ དགྲ་ལན་འཇལ་ནི་ཨིན་པའི་ གསལ་བཤད་འབད་ནུག།
སི་རི་ཡའི་ གསོ་བའི་བློན་པོ་ ཧ་སཱན་ཨཱལ་ག་བཱཤ་གི་ སྙན་ཞུ་དང་འཁྲིལཝ་ད་ གནོད་འཚུབ་དེ་གིས་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་མ་ཚད་ ཤི་རྐྱེན་བྱུང་མིའི་གྲལ་ཁར་ ཨམ་སྲུ་ ༦ དང་ ཨ་ལོ་ ༦ ཡང་འདུག་ཟེར་ཨིན་པས།
སི་རི་ཡའི་ རྒྱལ་ཁབ་ནང་ སྤྱི་ལོ་ ༢༠༡༡ ལུ་ དམངས་གཙོའི་རིང་ལུགས་ཀྱི་དོན་ལས་ ཞི་བའི་སྒོ་ལས་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ སྲིད་འཛིན་བ་ཤར་ ཨཱལ་ཨ་སཱད་ཀྱིས་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་ཚུ་ བཙན་གནོན་འབད་ཞིནམ་ལས་ཚུར་ ནང་འཁྲུག་ལངས་ནི་ འགོ་བཙུགས་ནུག།
དེ་འབདཝ་ལས་ ད་ཚུན་གྱི་བར་ན་ མི་སེར་ས་ཡ་ ༦.༨ དེ་ཅིག་ལུ་ སྡོད་ས་མེད་པར་ཡོདཔ་ད་ མི་སེར་ས་ཡ་ ༦ དེ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྐྱབས་བཅོལ་པ་སྦེ་ སྡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433489
Views Today :
Total views : 5000
Who's Online :