
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ ཀེ་ན་ཌ་གཞུང་གིས་ གསལ་བསྒྲགས་འབད་བའི་ནང་གསལ་ ཨིཛ་རེལ་དང་ གཱ་ཟ་ ཝེཛ་བེང་ཚུ་ནང་ཡོད་མི་ ཀེ་ན་ཌའི་ མི་ཁུངས་ཚུ་ ཁོང་རའི་རྒྱལ་ནང་ ལོག་གཏོན་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ཡང་ ཀེ་ན་ཌའི་ ཕྱི་འབྲེལ་བློན་པོ་ མེ་ལ་ནི་ཇོ་ལི་གིས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ གསལ་བསྒྲགས་འབད་མིའི་ནང་ ཀེ་ན་ཌའི་ མི་ཁུངས་ཚུ་ ཊེལ་ཨ་བིབ་ལས་ ཀེ་ན་ཌའི་ དྲག་པོའི་དམག་སྡེ་གིས་ རྒྱབ་སྐྱོར་འབད་དེ་ གཏོན་བདའ་ནི་ཨིན་ཟེར་བཀོད་ནུག།
ཊེལ་ཨ་བིབ་ལས་ འཕུར་ནི་ཨིན་མི་ གནམ་གྲུ་གིས་ ཀེ་ན་ཌའི་ མི་ཁུངས་ཚུ་དང་ ཁོང་གི་ཨམ་སྲུ་དང་ ཨ་ལོ་ཚུ་གིས་མ་ཚད་པར་ ཀེ་ན་ཌའི་ གཏན་འཇགས་གནས་སྡོད་ཀྱི་ མི་ངོམ་ཚུ་ཡང་ སྐྱེལ་འདྲེན་འབད་ནི་ཨིན་པས།
ཊེལ་ཨ་བིབ་ལུ་ ལྷོད་མ་ཚུགས་མི་ཚུ་གི་དོན་ལུ་ ཐབས་ལམ་ལོགས་སུ་སྦེ་ གཏོན་ནི་དང་ ད་རེས་ ཊེལ་ཨ་བིབ་དང་ ར་མ་ལ་ དེ་ལས་ ཨོ་ཊ་བ་ ས་གནས་ཚུ་ནང་ སྡེ་ཚན་ཚུ་གིས་ ཀེ་ན་ཌའི་ མི་ཁུངས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ གཏོན་ཐབས་ཚུ་ སྒྲིག་དོ་ཡོདཔ་སྦེ་བཀོད་ནུག།
ད་ཚུན་གྱི་བར་ན་ པོ་ལེན་རྒྱལ་ཁབ་ཀྱིས་ ཁོང་རའི་མི་ཁུངས་ཚུ་གི་གྲས་ལས་ མང་ཤོས་ཅིག་ བལྟ་བཤལ་ལུ་འགྱོ་མི་ ༢༥༠ དེ་ཅིག་ སྐྱེལ་འདྲེན་གནམ་གྲུའི་ཐོག་ལས་ ཁོང་རའི་རྒྱལ་ཁབ་ ལོག་ལེན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཧང་ག་རིའི་ མི་ཁུངས་ཚུ་གི་གྲས་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ མི་གྲངས་ ༢༡༥ དང་ སྤྱི་ཟླ་ ༡༠ པའི་ཚེས་ ༩ ལུ་ མི་གྲངས་ ༡༡༠ དེ་ཅིག་ གནམ་གྲུ་ཐོག་ལས་ ཁོང་རའི་རྒྱལ་ཁབ་ནང་ ལོག་བསྐྱལ་ནུག།
དེ་ལས་ ཡུ་རོབ་རྒྱལ་ཁབ་ སུའི་ཛར་ལེན་དང་ སི་པེན་ ༢ ཀྱིས་ཡང་ རང་སོའི་མི་ཁུངས་ཚུ་ གནམ་གྲུ་ཐོག་ལས་ ལོག་ལེན་ཡོད་རུང་ ཡུ་ཨེཛ་གི་ ཁ་ཐུག་ལས་ ཁོང་གི་མི་ཁུངས་ཚུ་ ལོག་ལེན་དོ་ཡོད་པའི་ གསལ་བསྒྲགས་ག་ནི་ཡང་མེདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཟླ་ ༡༠ པའི་ཚེས་ ༡༠ ལུ་ ཡུ་ཨེཛ་གིས་ ཨིཛ་རེལ་ལུ་ གནས་སྟངས་དེ་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ཏེ་ཡོད་པའི་གུ་ སྟོབས་དང་ མི་ཛ་ཡེལ་ཚུ་ཡང་ ཉེན་བརྡ་མེད་པར་ རྐྱབ་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ ཉེན་སྐྱོབ་དང་ གློ་བུར་གྱི་ འགན་ཁུར་ཡོད་མི་ འགོ་དཔོན་ཚུ་གི་ བཀོད་རྒྱ་ལུ་ གནས་དགོཔ་སྦེ་བཤད་ནུག།
མ་གཞི་ ད་རེས་ བེན་གུ་རི་ཡཱོན་ རྒྱལ་སྤྱི་གནམ་ཐང་དེ་ སྒོ་ཕྱེ་སྟེ་ར་ བཞག་ཡོད་རུང་ གནམ་ཐང་སྦོམ་ དག་པ་ཅིག་ནང་ གནམ་གྲུ་འཕུར་འགྲུལ་ཚུ་ མཚམས་འཇོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1359
Users Yesterday : 1303
This Month : 67031
This Year : 295872
Total Users : 1007688
Views Today : 3322
Total views : 2929355
Who's Online : 8