ཡུ་ཨེཛ་གིས་ བེ་ཇིང་ལུ་ སྲུང་སྐྱོབ་གྲོས་འཛོམས་ནང་གྲལ་གཏོགས།

རོའི་ཊརཛ།
ཡུ་ཨེཛ་དང་ རྒྱ་ནག་གི་བར་ན་ དྲག་པོའི་མཐུན་ལམ་ ལེགས་སྒྱུར་གྱི་དོན་ལས་ རྒྱ་ནག་གིས་ མགྲོན་བརྡ་འབདཝ་བཞིན་དུ་ སྤྱི་ཟླ་ ༡༠ པའི་ ཟླ་མཇུག་ལུ་ འཚོགས་ནི་ཨིན་མི་ ལོ་བསྟར་ཉེན་སྲུང་གྲོས་འཛོམས་ནང་ ཡུ་ཨེཛ་གིས་ བཅའ་མར་གཏོགས་ནི་ཨིན་པས།.
དེ་ཡང་ ཡུ་ཨེཛ་གིས་ རྒྱ་ནག་དང་གཅིག་ཁར་ དྲག་པོའི་བརྒྱུད་འབྲེལ་ བསྐྱར་གསོ་འབད་ནི་གི་ དང་འདོད་ཡོདཔ་བཞིན་དུ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་ ལོ་ཡིཌ་ཨོཛ་ཊིན་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༢༩ ལས་ ༣༡ ཚུན་ འགོ་འདྲེན་འཐབ་ནི་ཨིན་མི་ ལོ་བསྟར་གྲོས་འཛོམས་ནང་ གྲལ་གཏོགས་ཀྱི་དོན་ལུ་ མགྲོན་བརྡ་འབད་ནུག།
ཨིན་རུང་ སྤྱི་ཟླ་ ༥ པའི་ ཟླ་མཇུག་ལུ་ ཡུ་ཨེཛ་གིས་ རྒྱ་ནག་གི་ སྲུང་སྐྱོབ་བློན་པོ་དེ་ ཡུ་ཨེཛ་གི་ སྲུང་སྐྱོབ་དྲུང་ཆེན་དང་གཅིག་ཁར་ ཞལ་འཛོམས་ཀྱི་དོན་ལས་ མགྲོན་བརྡ་སྤེལ་མི་ལུ་ ངོས་ལེན་མ་འབདཝ་ལས་ རྒྱ་ནག་གི་ གྲོས་ཛོམས་ནང་ ཡུ་ཨེཛ་གི་ ཁ་ཐུག་ལས་ སྲུང་སྐྱོབ་དྲུང་ཆེན་ ཨོཛ་ཊིན་དེ་ མི་གཏང་ཟེར་ བཤད་དོ་ཡོདཔ་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ གྲོས་འཛོམས་དེ་ནང་ ཡུ་ཨེཛ་གི་ཁ་ཐུག་ལས་ ག་གཏང་ནི་ཨིན་ན་དང་ རྒྱ་ནག་གི་ཁ་ཐུག་ལས་ མགྲོན་བརྡ་ག་ལུ་འབད་ཡོདཔ་ཨིན་ན་ཚུ་ ཁ་གསལ་སྦེ་ སླབ་མ་བཏུབ་པར་ཡོད་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: