
ཨཱཕ་རི་ཀའི་ དབུས་ཕྱོགས་རྒྱལ་ཁབ་ མི་ནུཛ་ཀའི་ ཞི་བདེ་དང་ བརྟན་གཞི་བཙན་ཐབས་ཀྱི་ལཱ་ནང་ བརྩོན་ཤུགས་ཐོག་ལས་ འགན་ཁུར་སྦོམ་འབག་པའི་ ངོས་ལེན་ལུ་ འབྲུག་གི་དམག་སྡེའི་ ཞི་བདེ་སྡེ་ཚན་ལུ་ འཛམ་གླིང་སྤྱི་ཚོགས་ལས་ ཞི་བདེའི་རྟགས་མ་ཐོབ་ནུག།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༡༡ ལུ་ མི་ནུཛ་ཀ་ རྒྱལ་ཁབ་ནང་ཡོད་མི་ འབྲུག་པའི་དམག་མི་ ༡༨༠ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བེ་ལེན་ཊིན་ རུག་ཝ་བི་ཛ་མཆོག་གི་ དམིགས་བསལ་གྱི་ ངོ་ཚབ་ཀྱིས་སྦེ་ བྱིན་ཡི་ཟེར་ཨིན་པས།
དེ་གི་སྐོར་ལས་ རྒྱལ་གཞུང་འབྲུག་གི་དམག་སྡེའི་གུང་བློན་ བ་སྤྲུག་ཚེ་རིང་གིས་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་ལཱ་ནང་ ང་བཅས་རའི་ དམག་སྡེ་ཚུ་གིས་ གྲལ་གཏོགས་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞིནམ་ལས་ཚུར་ འཛམ་གླིང་སྤྱི་ཚོགས་ཀྱིས་ གྲོགས་རམ་འབད་མི་ལུ་ དགའ་ཚོར་དང་ གཅིག་བསྒྲིལ་གྱི་ བརྡ་མཚོན་ལུ་ཨིནམ་སྦེ་ གསུངས་ཡི་ཟེར་བཤད་ནུག།
དེ་མ་ཚད་ མི་དབང་མཆོག་གིས་ ཞི་བདེ་སྲུང་མི་ ང་བཅས་རའི་ དམག་མི་ཚུ་གིས་ ལཱ་དང་ འགན་ཁུར་ཚུ་ ཁྱད་རིག་ཅན་དང་ གནས་ཚད་མཆོག་འགྱུར་གྱི་སྒོ་ལས་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ངོ་ཚབ་འབད་དགོཔ་སྦེ་ཡང་ གསུངས་ཡི་ཟེར་ཨིན་པས།
ད་རེས་ དེ་བཟུམ་མའི་ རྟགས་མ་ཐོབ་མི་འདི་ ང་བཅས་རའི་ རྒྱལ་གཞུང་འབྲུག་གི་དམག་སྡེ་གིས་ ཞི་བདེའི་འགན་ཁུར་ཚུ་ སྒྲིག་ཁྲིམས་དང་ དྲང་བདེན་ དེ་ལས་ ཁྱད་རིག་ཚུ་གི་ཐོག་ལས་ འབག་ཡོད་པའི་ བརྡ་མཚོན་ལུ་ཨིནམ་སྦེ་ཡང་བཤད་ནུག།
འཛམ་གླིང་སྤྱི་ཚོགས་ཀྱིས་ མི་ནུཛ་ཀ་ རྒྱལ་ཁབ་ཀྱི་ ཞི་བདེའི་ལཱ་ནང་ འབྲུག་གིས་གྲལ་གཏོགས་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ འབྲུག་གི་དམག་མི་ཚུ་ འགོ་དང་པ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༠ པའི་ནང་ བཏང་ཡོདཔ་ལས་ སྤྱི་ཟླ་ ༡༡ པའི་ནང་ སྡེ་ཚན་དེ་གིས་ ལོ་ ༡ གི་ གནས་ཡུན་ཚངནི་ཨིནམ་ལས་ འབྲུག་གི་བསྟན་སྲུང་དམག་མི་ སྡེ་ཚན་སོ་སོ་ཅིག་ ཚབ་གཏང་ནི་སྦེ་ཡོདཔ་ཨིན་པས།
མ་གཞི་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉམས་སྲུང་ནང་ སྤྱི་ལོ་ ༢༠༡༤ ལས་ཚུར་ར་ གྲལ་གཏོགས་འབད་དེ་ཡོདཔ་ལས་ ད་ཚུ་གྱི་བར་ན་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ནང་ལས་ ཕོ་སྐྱེས་དང་ ཨམ་སྲུ་བསྡོམས་ཏེ་ མི་གྲངས་ ༢༧༠ གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ཉམས་སྲུང་གི་ལཱ་ནང་ མཐར་འཁྱོལ་ཅན་སྦེ་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433677
Views Today :
Total views : 5000
Who's Online :