
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ལས་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ རྒྱལ་སྲུང་སྦྱོང་བརྡར་དེ་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ རྒྱལ་སྲུང་ཡིག་ཚང་གཙོ་ཁང་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
དེ་ཡང་ སྤྱི་ལོ་ ༢༠༡༩ ལོར་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་དུས་ཆེན་སྐབས་ལུ་ འབྲུག་པའི་ན་གཞོན་ཡོངས་ཀྱིས་ འབྲུག་གི་ཉེན་སྲུང་དང་ ཞི་བདེ་ གཅིག་བསྒྲིལ་ གཅིག་མཐུན་ དེ་ལས་ རང་དབང་ཚུ་ ཡར་དྲགས་ཀྱི་དོན་ལས་ རྒྱལ་སྲུང་སྦྱོང་བརྡར་ འགོ་བཙུགས་གནང་ནི་སྦེ་ གསུངས་གནངམ་བཞིན་དུ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༡ པའི་ སྤྱི་ཚོགས་ནང་ལས་ ཆ་འཇོག་གྲུབ་པའི་ རྒྱལ་སྲུང་བཅའ་ཁྲིམས་དང་འཁྲིལ་ཏེ་ཨིན་པས།
རྒྱལ་སྲུང་སྦྱོང་བརྡར་ལྟེ་བ་ ༤ གི་ནང་ བྱིན་ནི་སྦེ་ཡོད་མི་ ལོ་ངོ་ ༡ གི་ རྒྱལ་སྲུང་སྦྱོང་བརྡར་དེ་ སྐྱེས་ལོ་ ༡༨ འབད་མི་ འབྲུག་པའི་ན་གཞོན་ག་རའི་དོན་ལུ་ཨིནམ་ད་ སྦྱོང་བརྡར་དེ་ནང་ གཞི་རྟེན་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ དེ་ལས་ ཚེ་ལཱ་རིག་རྩལ་ཚུ་ ཚུདཔ་ཨིན་ཟེར་བཀོད་ནུག།
དེ་སྦེ་ སྦྱོང་བརྡར་འབད་ཞིནམ་ལས་ སྐྱེས་ལོ་ ༣༥ ཚུན་ རྒྱལ་སྲུང་གི་ ལཱ་འགན་འབག་དགོཔ་ད་ དེ་གི་ཤུལ་ལས་ སྐྱེས་ལོ་ ༤༥ ཚུན་ ཁས་བླངས་དང་ ཡང་ཅིན་ ངེས་གཏན་གྱི་ འགན་ཁུར་འབག་ཐབས་ལུ་ རྒྱལ་སྲུངཔ་སྦེ་ སྡོད་དགོ་ནི་ཨིན་པས།
རྒྱལ་སྲུང་ནང་ གྲལ་གཏོགས་ཀྱི་དོན་ལས་ སྤྱི་ལོ་ ༢༠༠༥ ལུ་ སྐྱེས་མི་དང་ སྤྱི་ལོ་ ༢༠༢༣ ལུ་ སྐྱེས་ལོ་ ༡༨ ལང་མི་ཚུ་གིས་ སྤྱི་ལོ་ ༢༠༢༤ ལུ་ འགོ་བཙུགས་ནི་ཨིན་མི་ རྒྱལ་སྲུང་སྦྱོང་བརྡར་ ཐེངས་དང་པའི་ནང་ གྲལ་གཏོགས་འབད་ཆོག་ནི་དང་ ཡོངས་འབྲེལ་ཁ་བྱང་ www://portal.gyalsung.bt བརྒྱུད་དེ་ གསལ་བསྒྲགས་འབད་བའི་ཉིན་མ་ལས་ ཉིན་གྲངས་ ༡༠༠ གི་ ནང་འཁོད་ལུ་ ཐོ་བཀོད་འབད་དགོ་ཟེར་བཀོད་ནུག།
ཨིན་རུང་ ཤོང་ཚད་ཀྱི་ དཀའ་ངལ་ལུ་བརྟེན་ཏེ་ སྤྱི་ལོ་ ༢༠༠༥ གི་ ཧེ་མ་ལས་ སྐྱེས་མི་ཚུ་ལུ་ གོ་སྐབས་དེ་ མི་འཐོབ་ནི་ཨིནམ་ལས་ དང་འདོད་ཡོད་མི་ཚུ་གིས་ ཁས་བླངས་ཐོག་ལས་ བདེ་སྲུང་ནང་ གྲལ་གཏོགས་འབད་ཆོག་ནི་ཨིན་པས།
གལ་སྲིད་ སྐྱེས་ལོ་ ༡༨ ལང་མི་ སྤྱི་ལོ་ ༢༠༢༣ ལུ་ སློབ་རིམ་ ༡༡ པ་དང་ ཡང་ཅིན་ དེ་གི་འོག་རིམ་ནང་འབད་མི་ ན་གཞོན་ཚུ་གིས་ ཤེས་ཡོན་འཕྲོ་མཐུད་ཀྱི་ བློ་འདོད་ཡོད་པ་ཅིན་ ཐོ་བཀོད་འབད་དེ་ སློབ་རིམ་ ༡༢ པ་ མཐར་འཁྱོལ་བའི་ཤུལ་ལས་ གྲལ་གཏོགས་འབད་ནི་ལུ་ དུས་ཚོད་ཕར་ཕུད་ཀྱི་ ཞུ་བ་འབད་ཆོག་ཟེར་བཀོད་ནུག།
རྒྱལ་སྲུང་སྦྱོང་བརྡར་ཐོག་ལས་ མི་དབང་མངའ་བདག་རྒྱལ་པོའི་ དགོངས་བཞེད་དང་བསྟུན་ཏེ་ འབྲུག་པའི་ན་གཞོན་ཚུ་གི་ ལྕོགས་གྲུབ་དང་ དྲང་བདེན་ མཆོག་འགྱུར་ འགན་འཁྲི་དང་ དད་དམ་ཚུ་ བཙན་ཐབས་ཀྱི་སྒོ་ལས་ ཡིད་ཆེས་རུང་བའི་ འབྲུག་པའི་མི་ཁུངས་སྦེ་ བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་པས།
སྦྱོང་བརྡར་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ཚེས་ ༡ ལས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༡ པའི་ཚེས་ ༡༥ ཚུན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433595
Views Today :
Total views : 5000
Who's Online :