
སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ཚད་འཛིན་ ༢ ཀྱིས་ རྒྱལ་ཡོངས་ཀྱི་ གནས་རིམ་ཁར་ གསར་བཏོད་འབད་མི་ འབྲུག་རྒྱལ་ཡོངས་ཨང་གནས་ངོ་རྟགས་ འགོ་འབྱེད་མཛད་ཡོདཔ་ད་ འགོ་འབྱེད་རྟེན་འབྲེལ་དེ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ སྡེ་ཚན་གྱི་ འགན་ཁུར་དང་ སྤྱོད་མི་ཚུ་ལུ་ བྱ་སྟབས་བདེ་ཧིང་དང་ མི་མང་གི་ གོ་རྟོགས་དང་ དོན་སྨིན་ཅན་སྦེ་ སྤྱོད་ཐངས་ཚུ་གི་སྐོར་ལས་ གསུངས་ཡོདཔ་ཨིན་པས།
དེ་ཡང་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ གོ་རིམ་དང་པའི་ནང་ མི་སེར་ཚུ་གིས་ ཐོ་བཀོད་འབད་དེ་ གཞི་རྟེན་ངོ་རྟགས་ཚུ་ ལེན་ཚུགས་པའི་ཁར་ བཀྲིས་འགྲུལ་འཕྲིན་དང་ འབྲུག་གི་དངུལ་ཁང་ རྒྱལ་འཛིན་གཙུག་ལག་སློབ་སྡེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་ལ་སོགས་པའི་ མཉམ་རོགས་ཚུ་ལས་ ཨང་གནས་ཅན་གྱི་ ཡོངས་འབྲེལ་འཆར་སྒོའི་ནང་ གསང་ཡིག་བཙུགས་མ་དགོ་པར་ ཞབས་ཏོག་ཚུ་ ལེན་ཚུགས་ནི་ཨིན་པས།
ད་རེས་ ལག་ལེན་ཐོག་ལུ་ཡོད་མི་ འབྲུག་རྒྱལ་ཡོངས་ ཨང་གནས་ངོ་རྟགས་ཀྱི་ ལས་འགུལ་གོ་རིམ་ ༢ པ་དེ་ འབྲུག་བརྒྱུད་འཕྲིན་དང་ འབྲུག་གི་དངུལ་ཁང་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ དེ་ལས་ མཉམ་རོགས་གཞན་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཞབས་ཏོག་ཚུ་ རྒྱ་སྐྱེད་གཏང་ནི་ཨིན་པས།
ཨང་གནས་ངོ་རྟགས་ཀྱི་ ཁེ་ཕན་དེ་ཡང་་ ཉེན་སྲུང་དང་ སྒེར་གྱི་རང་དབང་ མོས་མཐུན་ཚུ་ དགོས་དོན་ཅན་སྦེ་ བརྩི་དོ་ཡོདཔ་ད་ ཐབས་ལམ་དེ་ལུ་བརྟེན་ཏེ་ སྤྱོད་མི་ཚུ་གིས་ ཞབས་ཏོག་སྤྲོད་སར་ འགྱོ་མ་དགོ་པར་ གཡོ་ཟོལ་ཚུ་ མར་ཕབ་ཐོག་ལས་ དངུལ་སྤྲོད་ལེན་ཚུ་ འབད་ཚུགས་ནི་ཨིན་པས།
དེ་མ་ཚད་ ཨིང་ལིཤ་མ་ཤེས་མི་ཚུ་གིས་ཡང་ ཁ་སྐད་སོ་སོ་དང་ འགྲུལ་འཕྲིན་ཐོག་ལས་ དཔར་ལེན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ ལེན་ཚུགས་ནི་ཨིན་པའི་གནས་ཚུལ།






Users Today : 504
Users Yesterday : 1453
This Month : 504
This Year : 296470
Total Users : 1008286
Views Today : 943
Total views : 2930546
Who's Online : 15