
སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ མི་དབང་རྒྱལ་བཙུན་ ཁབ་ཏུ་བཞེས་ཏེ་ མི་ལོ་ ༡༢ འཁོར་བའི་ དུས་སྟོན་དང་འབྲེལ་ འབྲུག་གི་སྤྱི་ཚོགས་ལྷན་བཞུགས་ནང་ ལོ་བསྟར་རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ ཐེངས་ ༥ པ་ ཕུལ་ཡོདཔ་ཨིན་པས།
དེ་ཡང་ འདས་པའི་ལོ་ངོ་ ༥ གི་རིང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ལམ་སྟོན་དང་ ཐུགས་རྗེ་གཟིགས་གནང་མི་ལུ་ བཀའ་དྲིན་ལེགས་སོ་དང་བཅསཔ་སྦེ་ སྙན་ཞུ་ཕུལ་མིའི་ནང་ དམིགས་བསལ་གྱིས་ ནད་ཡམས་ཀོ་ཝིཌ་-༡༩ གི་ གནས་སྟངས་དང་འབྲེལ་བའི་ དཀའ་ངལ་དང་ དོ་འགྲན་ཚུ་ལུ་ མི་དབང་མངའ་ཞབས་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ མཐར་འཁྱོལ་ཅན་གྱི་ གདོང་ལན་ཚུ་ བྱུང་ཡོད་པའི་སྐོར་ལས་ གསལ་བཤད་ཞུ་ནུག།
མི་རྗེ་བློན་ཆེན་གྱི་ སྙན་ཞུའི་ནང་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ མ་འོངས་མི་རབས་ཀྱི་རྒྱུན་བརྟན་ བདེ་སྲུང་རིག་རྩལ་སྦྱོང་བརྡར་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་བརྩོན་ཤུགས་ནང་ འབྲུག་གིས་ གྲལ་གཏོགས་འབད་མི་ཚུ་ མ་འོངས་མངོན་གཟིགས་ཅན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ཚུ་ལུ་བརྟེན་ཏེ་ གྲུབ་ཚུགས་ཅི་ཟེར་ཨིན་པས།
དེ་མ་ཚད་ འབྲུག་པའི་མི་སྡེ་ཚུ་ནང་ ལས་སྡེ་ཁག་གི་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་ ཐོན་ཡོད་མི་འདི་ཡང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ དབུ་གཙོས་པའི་ གཞུང་གི་འགོ་དཔོན་ཚུ་དང་ སྲུང་སྐྱོབ་ལས་སྡེ་ གོང་འཕེལ་མཉམ་རོགས་ཚུ་གི་ བརྩོན་ཤུགས་ལུ་བརྟེན་ཏེ་ཨིན་ཟེར་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ གཞུང་སྐྱོང་ལོ་ངོ་དང་པ་དེ་ ལས་སྡེ་མ་འདྲཝ་ཚུ་ནང་ གཞི་འགྱམ་སྒྱུར་བཅོས་དང་ འབབ་ཁུངས་དོ་མཉམ་མེདཔ་ དེ་ལས་ སྲིད་དོན་གྱི་ ཁྱད་པར་ཚུ་དང་འབྲེལ་བའི་ ལཱ་ཚུ་ནང་ གཙོ་བོར་བཏོན་ཡོདཔ་ད་ ལོ་ངོ་ ༢ པའི་ནང་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ འགྲུལ་བཀག་དང་ སྲོག་སྐྱབས་ཀྱི་ ལཱ་ཚུ་ལུ་ དོ་འགྲན་བྱུང་པའི་སྐོར་ལས་དང་ ལོ་ངོ་ ༣ པའི་ནང་ ནད་ཡམས་ལུ་ གདོང་ལེན་དང་ བཟློག་ཐབས་ཚུ་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ གཞི་སྒྱུར་དང་ གསར་བཏོད་ཀྱི་ལཱ་ཚུ་ ལོ་ངོ་ ༤ པའི་ནང་མ་གཏོགས་ འགོ་འདྲེན་འཐབ་མ་ཚུགས་པའི་ཁར་ དེ་ཡང་ རྒྱལ་ཡོངས་གཞི་སྒྱུར་ལུ་ གཙོ་བོར་བཏོན་ཡོདཔ་སྦེ་བཀོད་ནུག།
གཞུང་གིས་ རྒྱལ་ཡོངས་ཀྱི་མཐའ་དོན་ལུ་ གཙོ་རིམ་བཀོད་དེ་ ཐོབ་ལམ་དང་ གོ་གནས་ལ་ལོ་ཅིག་ ཆ་མེད་བཏང་པའི་ཁར་ ནད་ཡམས་ཀྱིས་ བྱེམ་ཕོག་སྟེ་ཡོད་པའི་ དཔལ་འབྱོར་གྱི་ བརྟན་གཞི་ལུ་ཡང་ གཙོ་བོར་བཟུང་ཡི་ཟེར་ཨིན་པས།
འཆར་གཞི་ ༡༢ པའི་ནང་ ཟད་འགྲོ་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༣༨༦ དེ་ཅིག་ གནས་ཡོད་མི་ཚུ་ཡང་ གནས་གོང་ཐེབས་བཀལ་ ལམ་ལུགས་དང་ མི་དང་ རི་དྭགས་ཀྱི་ གདོང་ཐུག་དཀའ་ངལ་བསལ་ཐབས་ དེ་ལས་ ནང་འཁོད་ལཱ་གཡོག་ཚུ་ནང་ བཏང་ཡོདཔ་ད་ གསར་བཏོད་གཙོ་རིམ་ཚུ་ཡང་ རྒྱལ་ཡོངས་འགན་ལེན་ སྐྱིན་འགྲུལ་ལས་འཆར་ གཞི་བཙུགས་དང་ ལཱ་གཡོག་གོ་སྐབས་ ༡,༨༠༠ བཏོན་མི་ དེ་ལས་ ཞབས་ཏོག་ཚུལ་མཐུན་ བཟོ་ཡོད་མི་ཚུ་ཨིན་ཟེར་བཀོད་ནུག།
དེ་ལས་ གསོ་བའི་ནང་འབད་བ་ཅིན་ ཁྲག་གི་སྤུས་ཚད་ གཙང་སྦྲ་བཟོ་ནི་དང་ དོན་ཧིང་ལྟེ་བ་དང་པ་ཚུ་ འགོ་འབྱེད་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ གཞི་བརྟེན་ཏེ་ སྒེར་སྡེ་གོང་འཕེལ་གྱི་སྒོ་ལས་ དཔལ་འབྱོར་ལས་དོན་ཚུ་ནང་ གཞུང་གི་འགན་ཁུར་ མར་ཕབ་འབད་དེ་ འབྲུག་རྒྱལ་ཁབ་འདི་ དཔལ་འབྱོར་གྱིས་ཕྱུག་པའི་ རྒྱལ་ཁབ་ཅིག་ལུ་ བཟོ་ནི་གི་ དམིགས་གཏད་ཚུ་ བསྐྱེད་ཡོད་པའི་སྐོར་ལས་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1434140
Views Today :
Total views : 5000
Who's Online :