ཡུ་ཀེ་རེན་གྱིས་ ཡུ་ཨེཛ་གིས་ མཁོ་སྤྲོད་འབད་མི་ ཐག་རིང་མི་ཛ་ཡེལ་ཚུ་ འགོ་དང་པ་ ལག་ལེན་འཐབ་ཡོདཔ།

བི་བི་སི།
ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཨེཛ་གིས་ མཁོ་སྤྲོད་འབད་མི་ ཐག་རིང་མི་ཛ་ཡེལ་ཚུ་ འགོ་དང་པ་ ལག་ལེན་འཐབ་ཅི་ཟེར་ཨིན་པས།
དེ་ཡང་ ཨེ་ཊི་ཨེ་སི་ཨེམ་ཨེཛ་ཟེར་མི་ གོ་མཚོན་ཚུ་ ལག་ལེན་འཐབ་ཐོག་ལས་ རྒྱལ་ཁབ་ཀྱི་ ཤར་ཕྱོགས་ཁ་ཐུག་ལུ་ ར་ཤི་ཡའི་ དམག་སྒར་ཚུ་ནང་ཡོད་མི་ གནམ་གྲུ་ཧེ་ལི་ཀོབ་ཊར་ ༩ མེདཔ་བཏང་ཡི་ཟེར་ཨིནམ་ད་ གོ་མཚོན་དེ་ཚུ་གིས་ ཚ་གཏདཔ་གཏད་སར་ ཕོག་ཚུགས་པས་ཟེར་བཤད་ནུག།
དེ་མ་ཚད་ ས་གནས་བར་དི་ཡཱནཛ་དང་ ལུ་ཧཱནཛ་ཟེར་སར་ཡང་ མཁའ་དབྱིངས་སྲུང་སྐྱོབ་རིམ་ལུགས་དང་ ལག་ཆ་གཞན་ཚུ་ མེདཔ་བཏང་པའི་ཁར་ ར་ཤི་ཡའི་ དམག་མི་ལེ་ཤ་ཅིག་ལུ་ཡང་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་ཡོད་རུང་ ར་ཤི་ཡ་གིས་ ག་ནི་ཡང་ སླབ་མ་བཏུབ་ཨིན་པས།
མ་གཞི་ ཧེ་མ་ ཡུ་ཨེཛ་གཞུང་གིས་ གོ་མཚོན་དེ་ཚུ་ ཡུ་ཀེརེ་ན་ལུ་ བྱིན་མ་བཏུབ་ཨིན་རུང་ འདས་པའི་བདུན་ཕྲག་ཚུ་ནང་ གསང་བའི་སྒོ་ལས་ བྱིན་ནི་སྦེ་ གྲོས་ཐག་བཅད་ནུག།
ཡུ་ཨེཛ་གིས་ དེ་བཟུམ་མའི་ མཚོན་ཆ་ཚུ་ གསང་བའི་ཐོག་ལས་ བྱིན་མི་དེ་ཡང་ ཡུ་ཀེ་རེན་གྱིས་ གོ་མཚོན་དེ་ཚུ་ ལག་ལེན་མ་འཐབ་པའི་ཧེ་མར་ ར་ཤི་ཡ་གིས་ ཧ་གོ་བ་ཅིན་ ཁོང་གི་མཚོན་ཆ་ཚུ་ ས་གནས་གཞན་ཁར་ སྤོ་ནི་ཨིནམ་ལས་ དེ་སྦེ་ སྤོ་བཤུད་འབད་མ་ཚུགསཔ་ལས་ ལག་ལེན་འཐབ་ཐབས་ལུ་ཨིན་པས།
ད་རེས་ ཡུ་ཀེ་རེན་ལུ་ཡོད་མི་ མི་ཛ་ཡེལ་ཚུ་གིས་ རྫས་བམ་ཚུ་ བརྒྱ་ཕྲག་སྦེ་ གནམ་ཁ་ལས་ བཀོག་ཚུགས་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: