འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་ མཇུག་བསྡུའི་རྟེན་འབྲེལ།

སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ འབྲུག་གི་སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ ཞབས་བརྟན་ཕུལ་ཐོག་ལས་ བཀྲིས་སྨོན་ལམ་དང་བཅསཔ་སྦེ་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་བསྒང་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་གྱིས་ འབྲུག་མི་ཡོངས་ཀྱི་ སྐྱིད་སྡུག་གི་ཕམ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་ཕོ་བྲང་དང་ མི་དབང་རྒྱལ་བཙུན་ མི་དབང་སྲས་སྲོས་ཚུ་ སྐུ་རྒྱབ་ལུ་བཞག་སྟེ་ རྒྱལ་ཁབ་ཀྱི་ ཕྲལ་ཕུགས་ ༢ ཀྱི་ མཐའ་དོན་ལུ་ རྒྱལ་ཁབ་ཕྱི་ནང་མེད་པར་ ཆིབས་བསྐྱོད་གནང་ཐོག་ལས་ དུས་དང་རྣམ་པ་ཀུན་ཏུ་ སྐྱིད་སྡུག་གཟིགས་གནང་མི་ལུ་ བཀྲིན་དགའ་ཚོར་ཞུ་ནུག།
དེ་དང་འདྲཝ་སྦེ་ གཞུང་གི་གནས་ཡུན་འདི་ མཇུག་བསྡུཝ་དང་འབྲེལ་ཏེ་ མི་རྗེ་བློན་ཆེན་དང་ བློན་པོ་ལྷན་རྒྱས་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ ཆེད་བསྟོད་ཅན་གྱི་ འཐུས་མི་ཡོངས་ལུ་ཡང་ འདས་པའི་ལོ་ངོ་ ༥ གི་རིང་ལུ་ རྩ་བ་གསུམ་གྱི་མཐའ་དོན་ གོང་དུ་བཀུར་ཏེ་ སྤྱི་ཚོགས་ཀྱི་ བྱ་སྒོའི་རིམ་པ་ཚུ་ལས་ མ་འགལ་བར་ ཚུལ་དང་མཐུནམ་སྦེ་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ཡོད་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
དེ་ལས་ གཞན་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༢ པ་དེ་ མཐར་ཁྱོལ་ཅན་ཅིག་སྦེ་ བྱུང་ཡོད་མི་འདི་ ལྷག་ཁག་དང་ ལས་སྡེ་ ལས་ཁུངས་དང་ སྒེར་སྡེ་ག་ར་གིས་ སྤྱི་མཐུན་གྱི་ མཉམ་འབྲེལ་མཛད་པའི་ཁར་ ཚོགས་ཁང་གི་ ཚོགས་ཆུང་ཁག་གིས་ཡང་ ཕྱག་ལཱ་ཚུ་ རྩ་འགེངས་ཏེ་ མཛད་ནི་དེ་གིས་ཨིནམ་ལས་ ག་ར་ལུ་ བཀྲིན་ཆེ་ཟེར་ཞུ་ནུག།
དེ་བཟུམ་སྦེ་ བརྡ་བརྒྱུད་ལས་ཁང་ཚུ་གིས་ཡང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་དང་འབྲེལ་བའི་ དུས་མཐུན་གྱི་ གནས་ཚུལ་ཚུ་ མི་མང་ལུ་ ཁྱབ་སྤེལ་འབད་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ ༢ ཀྱི་རིང་ལུ་ འཚོགས་ཡོད་མི་ ཚོགས་བཞུགས་དེ་ནང་ གསུང་གྲོས་ཞིབ་ཞིབ་སྦེ་གནང་སྟེ་ ཆ་འཇོག་གྲུབ་མི་ དཔྱད་ཡིག་དང་ གན་འཛིན་ མཐུན་གྲོས་ཚུ་གིས་ འབྲུག་གི་ས་ཁྱོན་ཡོངས་ལུ་གནས་པའི་ སྐྱ་སེར་ཕོ་མོ་ག་ར་ལུ་ ཕན་ཐོགས་འབྱུང་པའི་ རེ་བ་དང་ སྨོན་ལམ་ཡོད་ལུགས་ཚུ་ཡང་ཞུ་ནུག།
རྒྱལ་ཡོངས་ཚོགས་སྡེའི་ མཇུག་བསྡུའི་རྟེན་འབྲེལ་ནང་ མི་རྗེ་བློན་ཆེན་གྱིས་གཙོས་པའི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ དེ་ལས་ བློན་པོ་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་མཛད་ཡོད་པའི་གནས་ཚུལ།

Please follow and like us: