མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལུ་ རའི་ཟིང་ལི་ཌརཛ་ ཨེ་ཝཱཌ་ཟེར་མི་གཟེངས་རྟགས།

སྤྱི་ཟླ་ ༡༠ པའི་ཚེས་ ༡༧ ལུ་ ཊེ་ཊཱོན་ཚན་རིག་སློབ་གྲྭ་གིས་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་དང་ ཡུན་བརྟན་གོང་འཕེལ་གྱི་དོན་ལས་ བརྩོན་ཤུགས་བསྐྱེད་གནང་མི་དང་ མ་འོངས་པའི་ རང་བཞིན་གནས་སྟངས་ཀྱི་ འགོ་ཁྲིདཔ་ཚུ་གི་ སེམས་ཤུགས་ཀྱི་ འབྱུང་གནས་སྦེ་ ཕྱག་ལཱ་མཛད་གནང་པའི་ ངོས་འཛིན་ལུ་ རའི་ཟིང་ལི་ཌརཛ་ ཨེ་ཝཱཌ་ཟེར་མི་ གཟེངས་རྟགས་ཕུལ་ནུག།
དེ་ཡང་ མི་དབང་རྒྱལ་ཡུམ་མཆོག་གི་ ཡུན་བརྟན་གོང་འཕེལ་ནང་ བརྩོན་ཤུགས་ཐོག་ལས་ ཕྱ་ལཱ་ཚུ་ འཛམ་གླིང་མཐའ་དབུས་མེད་པར་ ངོ་རྐྱང་དང་ ལས་ཚོགས་གྲངས་མེད་ཅིག་ལུ་ སེམས་ཤུགས་ཀྱི་ འབྱུང་གནས་སྦེ་ གནས་ཡོདཔ་ད་ མི་དབང་རྒྱལ་ཡུམ་མཆོག་ འབྲུག་གཞི་ཚོགས་མཉམ་འབྲེལ་ཁྲི་འཛིན་གྱི་ གནས་རིམ་ཁར་ འབྲུག་གི་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ རྒྱབ་སྐྱོར་མཛད་གནང་ནི་དེ་གིས་ འབྲུག་རྒྱལ་ཁབ་འདི་ ཡུན་བརྟན་དང་ སྤྱིར་བཏང་བདེ་ཉམས་ཀྱི་ དཔེར་འོས་ཡོངས་གྲགས་ཅན་ལུ་ འགྱུར་ནིའི་དོན་ལས་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ འབྲུག་ལུ་ རང་བཞིན་གནས་སྟངས་ཉམས་སྲུང་གི་དོན་ལས་ བརྩོན་ཤུགས་བསྐྱེད་གནང་པའི་ཁར་ རང་བཞིན་གནས་སྟངས་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་གཅིག་སྦེ་ བརྩི་འཇོག་འབད་དེ་ཡོད་པའི་ ངོས་འཛིན་ལུ་ ཉམས་སྲུང་གི་རྟགས་མ་ མུ་རི་སི་པི་རིཊ་ཟེར་མི་ཡང་ཕུལ་ནུག།
མུ་རི་སི་པི་རིཊ་ རྟགས་མ་དེ་ ཨོ་ལཱཛ་དང་ མར་ག་རེཊ་མུ་རི་ དེ་ལས་ ཨ་ཌཱོལཕ་དང་ ལུ་ཡི་མུ་རི་བཅས་ཀྱིས་ ཨ་མི་རི་ཀའི་ ཉམས་སྲུང་གི་ ལཱ་འབད་མི་ཚུ་གི་དོན་ལུ་ ལོ་བསྟར་རྟགས་མ་སྦེ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རི་དྭགས་སྲུང་སྐྱོབ་དང་ ནགས་ཚལ་གྱི་ ས་ཁོངས་ཚུ་ སྲུང་སྐྱོབ་འབད་ནིའི་ནང་ དཔེར་འོས་རུང་བའི་ ཁས་ལེན་ཡོད་མི་ཚུ་ལུ་ བྱིན་དོ་ཡོདཔ་ཨིན་པས།
རྟགས་མ་དེ་གི་ཤུལ་ལས་ ཊེ་ཊཱོན་ཚན་རིག་སློབ་གྲྭའི་ མུ་རི་རེནཆ་ ཚོགས་ཆུང་གི་ཁྲི་འཛིན་ དྲང་དཔོན་མར་ག་རེཊ་ མེ་ཀེ་འཱོན་གྱིས་ གྲོས་འཛིན་ཐོག་ལས་ འབྲུག་གི་རང་བཞིན་གནས་སྟངས་ ཉམས་སྲུང་དང་འབྲེལ་བའི་ གྲོས་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ གྲོས་འཛོམས་དེ་ནང་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་ རྒྱལ་འཛིན་མི་སྡེ་དང་ འབྲུག་རང་བཞིན་གནས་སྟངས་ ཉམས་སྲུང་བློ་གཏད་མ་དངུལ་ འབྲུག་གི་སྐྱེ་ལྡན་རིགས་སྣའི་མི་སྡེ་ དེ་ལས་ འཛམ་གླིང་རི་དྭགས་མ་དངུལ་དང་ འབྲུག་གཞི་ཚོགས་ཚུ་གི་ནང་ལས་ འཐུས་མི་ཚུ་གིས་ གྲལ་གཏོགས་འབད་ནུག།
རྟགས་མའི་རྟེན་འབྲེལ་དེ་ ཨ་མི་རི་ཀའི་ས་གནས་ ཝ་ཡོ་མིང་ལུ་ཡོད་མི་ རིག་རྩལ་ལྟེ་བ་ སེན་ཊར་ཕོར་ ཨཱཊཛ་ཟེར་སར་ བརྩི་སྲུང་འབད་མིའི་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་དང་ སྦྱིན་བདག་ ཉམས་སྲུང་མཁས་མཆོག་ ས་གནས་ཀྱི་མི་སྡེ་ དེ་ལས་ ཊེ་ཊཱོན་ཚན་རིག་སློབ་གྲྭའི་ འཐུས་མི་དང་ སློབ་ཚོགས་ སློབ་ཕྲུག་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: