
ཨེན་ཌི་ཊི་ཝི།
རྒྱ་ནག་གི་སྲིད་འཛིན་ ཛི་ཇིན་པིང་གིས་ པ་ཀིཛ་ཏཱན་དང་གཅིག་ཁར་ མཐུན་ལམ་དང་ གཅིག་བསྒྲིལ་ཡར་དྲགས་གཏང་ནི་གི་ རེ་འདོད་ཡོདཔ་ལས་ པ་ཀིཛ་ཏཱན་གྱིས་ པ་ཀིཛ་ཏཱན་ལུ་ཡོད་མི་ རྒྱ་ནག་གི་ ལས་ཚོགས་ཚུ་ནང་ ལཱ་འབད་མི་ རྒྱ་ནག་གི་ མི་ཁུངས་ཚུ་གི་ ཉེན་སྲུང་འགན་ལེན་འབད་དགོ་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་ནག་དེ་ པ་ཀིཛ་ཏཱན་ལུ་ མ་རྩ་གཞི་བཙུགས་འབད་མི་ གཙོ་བོ་ཅིག་ཨིནམ་ད་ པ་ཀིཛ་ཏཱན་ལུ་ཡོད་མི་ ཨིཛ༌ལ་མིག་སྡེ་ཚན་དང་ ངོ་རྒོལ་སྡེ་ཚན་གཞན་ཚུ་གིས་ རྒྱ་ནག་གི་ལས་འགུལ་ཚུ་ལུ་ གནོདཔ་བཀལཝ་མ་ཚད་ རྒྱ་ནག་གི་ མི་ཁུངས་ཚུ་ དམར་བསད་ཡང་འབདཝ་ཨིན་པས།
སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ རྒྱ་ནག་གི་ སྲིད་འཛིན་དང་ པ་ཀིཛ་ཏཱན་ གནས་སྐབས་གཞུང་སྐྱོང་བློན་ཆེན་ ཧགཀ་ཀ་ཀར་ ༢ ཀྱི་བར་ན་ བཟོ་གྲྭ་གླིང་ག་དང་ སོ་ནམ་ ས་གཏེར་ དེ་ལས་ ནུས་ཤུགས་གསརཔ་ཚུ་གིས་མ་དོ་བར་ འབྲེལ་མཐུད་ལས་འགུལ་ཚུ་གི་ནང་ཡང་ མཉམ་འབྲེལ་ཡར་དྲགས་ གཏང་དགོ་པའི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
བློན་ཆེན་ཀ་ཀར་གྱིས་ རྒྱ་ནག་དང་ པ་ཀིཛ་ཏཱན་གྱི་ དཔལ་འབྱོར་མཉམ་འབྲེལ་ཐོག་ལས་ ཌོ་ལར་ཐེར་འབུམ་ ༢༥ འབད་མི་ ལས་འགུལ་ ༥༠ མཇུག་བསྡུ་ཚུགས་ཏེ་ཡོད་པའི་ཁར་ འཁོར་ལམ་དང་ རེལ་ལི་ལམ་ དེ་ལས་ གཞི་རྟེན་མཁོ་ཆས་ གཞན་ཚུ་གི་དོན་ལུ་ཡང་ རྒྱ་ནག་གིས་ ཌོ་ལར་ཐེར་འབུམ་ ༦༥ ཁས་ལེན་གྲུབ་སྟེ་ཡོད་ཟེར་ཨིན་པས།
རྒྱ་ནག་གིས་ འཛམ་གླིང་སྤྱི་ཚོགས་དང་ ཤང་ཧའི་མཉམ་འབྲེལ་ཚོགས་པའི་ སྒྲིག་བཀོད་དང་འཁྲིལ་ཏེ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་ཡར་དྲགས་གཏང་ནི་ལུ་ གྲ་འགྲིག་ཡོད་ཟེར་བཤད་ནུག།
པ་ཀིཛ་ཏཱན་གྱི་ བློན་ཆེན་དེ་ འདས་པའི་བདུན་ཕྲག་ནང་ རྒྱ་ནག་གི་རྒྱལ་ས་ བེ་ཇིང་ལུ་ བྱོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1358
Users Yesterday : 1303
This Month : 67030
This Year : 295871
Total Users : 1007687
Views Today : 3314
Total views : 2929346
Who's Online : 6