ཀེ་ན་ཌ་གིས་ རྒྱ་གར་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ནང་ལས་ དོན་གཅོད་ལས་བྱེདཔ་ ༤༡ ལོག་འབོ་ཡོདཔ།

བི་བི་སི།
སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ ཀེ་ན་ཌ་གིས་ རྒྱ་གར་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ནང་ལས་ དོན་གཅོད་ལས་བྱེདཔ་ ༤༡ ཁོང་རའི་རྒྱལ་ཁབ་ལུ་ ལོག་འབོ་ནུག།
དེ་ཡང་ ཀེ་ན་ཌ་ལུ་ སིག་ཆོས་ལུགས་ཀྱི་ རང་དབང་ས་ཁོངས་ཀྱི་དོན་ལས་ ངོ་རྒོལ་འབད་མི་ འགོ་ཁྲིདཔ་ཅིག་ དམར་བསད་འབད་བའི་སྐོར་ལས་ མ་འགྲིགས་པ་ལུ་བརྟེན་ཏེ་ རྒྱ་གར་གྱིས་ བདུན་ཕྲག་ ༢ ཀྱི་ཧེ་མར་ ཀེ་ན་ཌའི་ དོན་གཅོད་ལས་བྱེདཔ་ཚུ་ གཏོན་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ དེ་སྦེ་ མ་གཏོན་པ་ཅིན་ དོན་གཅོད་ལས་བྱེདཔ་ཚུ་ལུ་ ཉེན་སྲུང་གི་ ཐོབ་ལམ་ཚུ་ ཆ་མེད་གཏང་ནི་ཨིན་པའི་ ཉེན་བརྡ་ཡང་ འབད་ནི་དེ་གིས་ཨིན་པས།
ཀེ་ན་ཌའི་ འགོ་དཔོན་ཚུ་གིས་ དེ་བཟུམ་མའི་ ཉེན་བརྡ་འབད་མི་དེ་ རྒྱལ་སྤྱིའི་ཁྲིམས་ལུགས་ལས་ འགལ་བ་ཨིན་ཟེར་ བཤད་ཡོདཔ་ད་ ཀེ་ན་ཌ་གིས་ སིག་ཆོས་ལུགས་ཀྱི་ མི་ངོམ་དམར་བསད་ཀྱི་སྐོར་ལས་ རྒྱ་གར་ལུ་ ཁ་ཉེས་ཁ་བཀལ་ཞིནམ་ལས་ཚུར་ རྒྱལ་ལཁབ་ ༢ ཀྱི་ མཐུན་ལམ་དེ་ མེདཔ་ཐལ་ནུག།
སྤྱི་ཟླ་ ༡༠ པའི་ཚེས་ ༡༩ ལུ་ ཀེ་ན་ཌའི་ ཕྱི་འབྲེལ་བློན་པོ་ ཨམ་མེ་ལ་ནི་ཇོ་ལི་གིས་ ཀེ་ན་ཌའི་ དོན་གཅོད་ལས་བྱེདཔ་ ལེ་ཤ་ཅིག་ར་ ཁོང་རའི་བཟའ་ཚང་དང་བཅསཔ་སྦེ་ ལོག་འོང་མི་དེ་ རྒྱ་གར་གྱིས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ གི་ ནང་འཁོད་ལུ་ དོན་གཅོད་ལས་བྱེདཔ་ ༢༡ ལུ་མ་གཏོགས་ གཞན་མི་ཚུ་གི་ ཉེན་སྲུང་ཐོབ་དབང་ཚུ་ ཆ་མེད་བཏང་ནི་སྦེ་ སླབ་ནི་དེ་གིས་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་གར་ལུ་ཡོད་མི་ ཀེ་ན་ཌའི་ གཞུང་ཚབ་ཡིག་ཚང་ནང་ ལས་བྱེདཔ་ཚད་ཅིག་ལས་ མེད་ནི་དེ་གིས་ ད་ལས་ཕར་ ཀེ་ན་ཌ་ལུ་ འཛུལ་ཞུགས་ཆོག་ཐམ་གྱི་དོན་ལས་ བྱ་སྒོའི་ལག་ལེན་ཚུ་ཡང་ དུས་ཡུན་རིང་སུ་སྦེ་ འགོར་ནི་ཨིན་མི་དེ་གིས་ རྒྱ་གར་གྱི་ མི་ཁུངས་ཚུ་དང་ ཀེ་ན་ཌ་ལུ་ ཡོན་ཏན་སྦྱང་ནི་གི་ བློ་འདོད་ཡོད་མི་ རྒྱལ་སྤྱིའི་སློབ་ཕྲུགཔ་ཚུ་ལུ་ ཐོ་ཕོག་འོང་ཟེར་བཤད་ནུག།
སྤྱི་ལོ་ ༢༠༢༢ ལོར་ ཀེ་ན་ཌ་ལུ་ གཏན་འཇགས་དང་ གནས་སྐབས་གཞིས་གནས་ཀྱི་དོན་ལས་ ཆོག་ཐམ་ཞུ་མི་ མང་ཤོས་ར་ རྒྱ་གར་གྱི་ མི་ཁུངས་ཚུ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: