རྒྱ་ནག་གི་ ལྷོ་ཕྱོགས་རྒྱ་མཚོའི་ནང་ རྒྱ་ནག་དང་ ཕི་ལི་པིནཛ་ རྒྱལ་ཁབ་ ༢ ཀྱི་ གྲུ་ཆེན་གདོང་ཐུག་ཚུ་གི་སྐོར་ལས་ གཅིག་གིས་གཅིག་ལུ་ཁ་ཉེས།

སི་ཨེན་ཨེན།
སྤྱི་ཟླ་ ༡༠ པའི་ཚེས་ ༢༣ ལུ་ བདག་དབང་སྐོར་ལས་ རྩོད་ཉོག་ཅན་གྱི་ རྒྱ་ནག་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་ནང་ རྒྱ་ནག་དང་ ཕི་ལི་པིནཛ་ རྒྱལ་ཁབ་ ༢ ཀྱི་ གྲུ་ཆེན་ཚུ་གི་བར་ན་ གདོང་ཐུག་ཚུ་དང་འབྲེལ་ཏེ་ གཅིག་གིས་གཅིག་ལུ་ ཁ་ཉེས་བཀལ་ཡོདཔ་ད་ དེ་བཟུམ་མའི་ གནས་སྟངས་ལུ་བརྟེན་ཏེ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་མེདཔ་ཐལ་དོ་ཡོདཔ་ཨིན་པས།
ཕི་ལི་པིནཛ་ དབང་འཛིན་ཚུ་གིས་ བཤད་མིའི་ནང་ མཚོ་འགྲམ་བལྟ་རྟོག་འབད་མི་ རྒྱ་ནག་གི་ གྲུ་ཆེན་ཚུ་གིས་ ཉེན་ཁ་ཅན་གྱི་སྒོ་ལས་ ཕི་ལི་པིནཛ་གི་ གྲུང་ཆེན་ཚུ་གི་ མཚོ་ལམ་བཀག་པ་ལུ་བརྟེན་ཏེ་ ཕི་ལི་པིནཛ་གི་ ས་གནས་ཨ་ཡུང་གིན་ཤཱོལ་ལུ་ དམག་མི་ཚུ་གི་ ལྟོ་རྒྱགས་སྐྱེལ་བར་འགྱོ་མི་ གྲུ་ཆེན་ཅིག་དང་ ཐུག་རྐྱེན་བྱུང་ཡི་ཟེར་ཨིན་པས།
རྒྱ་ནག་གི་ ཁ་ཐུག་ལས་ དེ་བཟུམ་མའི་ ཕུང་དཀྲུགས་དང་ ཁྲིམས་འགལ་གྱི་ བྱ་ངན་འབད་མི་དེ་གིས་ ཕི་ལི་པིནཛ་གི་ གྲུ་ཆེན་ནང་ ལཱ་འབད་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་འབྱུང་སྲིད་ནི་མས་ཟེར་ཨིན་པས།
ཕི་ལི་པིནཛ་ ཕྱི་འབྲེལ་ལས་ཁུངས་ཀྱི་ མགྲིན་ཚབ་གཅིག་གིས་ རྒྱ་ནག་དེ་ སྟོབས་ཤུགས་ཆེ་བའི་ རྒྱལ་ཁབ་ཅིག་ཨིནམ་ལས་ ལུང་ཕྱོགས་ནང་ བརྟན་གཞི་དང་ ཞི་བདེ་ལུ་ ཕན་ཐོགས་ཅན་གྱི་ འགན་ཁུར་འབག་དགོ་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་ནག་གི་ ཁ་ཐུག་ལས་ རྒྱ་ནག་ལྷོ་ཕྱོགས་ཀྱི་ རྒྱ་མཚོ་མ་ཡེལ་ ༡.༣ གྲུ་བཞི་དང་ དེ་ནང་ཡོད་མི་ མཚོ་གླིང་ག་ར་ ཁོང་གི་དབང་ཁྱབ་འོག་ལུ་ཨིནམ་སྦེ་ ཐོབ་བརྗོད་བཀོདཔ་ཨིན་པས།
སྤྱི་ལོ་ ༢༠༡༦ ལུ་ ཧཱེག་ལས་ རྒྱལ་སྤྱིའི་ཁྲིམས་ཞིབ་ཚོགས་པ་ཅིག་གིས་ རྒྱ་ནག་ལྷོ་ཕྱོགས་ཀྱི་ རྒྱ་མཚོ་དེ་ ཕི་ལི་པིནཛ་གི་ དབང་ཁྱབ་འོག་ལུ་ཨིནམ་སྦེ་ ཐག་བཅད་དེ་ རྒྱ་ནག་གི་ཁ་ཐུག་ལས་ ཐོབ་བརྗོད་བཀོད་ཆོག་པའི་ ཁྲིམས་དོན་ཐོབ་དབང་མེདཔ་སྦེ་ མཐའ་བསྡོམས་བཏོན་ཡོདཔ་ཨིན་པས།
ཨིན་རུང་ རྒྱ་ནག་གི་ མཚོ་འགྲམ་བལྟ་རྟོག་སྡེ་ཚན་གྱིས་འབད་བ་ཅིན་ ཕི་ལི་པིནཛ་གི་ གྲུ་ཟིང་ཚུ་གིས་ རྒྱལ་སྤྱི་ཁྲིམས་ལུགས་ལུ་ མ་གནས་པར་ རྒྱ་ནག་གི་ གྲུ་ཟིང་ཚུ་ལུ་ ཉེན་ཁ་ཡོད་པའི་ བྱ་ངན་ཚུ་ ལག་ལེན་འཐབ་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: