ཡུ་རོབ་རྒྱ་ཁབ་ཚུ་ནང་ ཤ་མདོག་གནགཔོ་ཚུ་ལུ་ རྒྱབ་འགལ་ཡར་སེང་།

རོའི་ཊརཛ།
སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གཞི་རྟེན་ཐོབ་དབང་ལས་སྡེ་གིས་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་མི་དང་འཁྲིལཝ་ད་ ཇར་མ་ནི་དང་ ཨཱཛ་ཊི་ཡ་ ཕིན་ལེན་རྒྱ་ཁབ་ཚུ་ནང་ མི་རིགས་ཤ་མདོག་གནགཔོ་ཚུ་ལུ་ ཉེ་རིང་དང་ རྩུབ་སྤྱོད་ཚུ་ ཚབས་ཆེན་སྦེ་ར་ ཡར་སེང་སོང་ཡོདཔ་སྦེ་ བཤདཔ་ཨིན་པས།
དེ་ཡང་ ལོ་ངོ་ ༦ གི་ཧེ་མ་ བརྟག་ཞིབ་ཅིག་ འགོ་འདྲེན་་འཐབ་མི་དང་ཕྱདཔ་ད་ ད་རེས་ཀྱི་ བརྟག་དཔྱད་ནང་ ཤ་རུས་ལུ་བརྟེན་པའི་ ཉེ་རིང་ཕྱེཝ་མས་ཟེར་མི་ འདས་པའི་ཟླཝ་ ༡༢ ཀྱི་ ནང་འཁོད་ལུ་ བརྒྱ་ཆ་ ༡༠ ཡར་སེང་སོང་སྟེ་ བརྒྱ་ཆ་ ༣༤ ལུ་ གནས་ཡོདཔ་སྦེ་ཨིན་པས།
ཧེ་མ་ དེ་སྦེ་ ཉེ་རིང་ཕྱེ་དོ་ཡོདཔ་སྦེ་བཤད་མི་ ཨཱཛ་ཊི་ཡ་ལུ་ བརྒྱ་ཆ་ ༤༢ དང་ ཇར་མ་ནི་ལུ་ བརྒྱ་ཆ་ ༣༣ འབད་མི་དང་ཕྱདཔ་ད་ ད་རེས་ རྒྱལ་ཁབ་དེ་ ༢ ཀྱི་ནང་ ཉེ་རིང་ཕྱེ་དོ་ཡོདཔ་སྦེ་བཤད་མི་ བརྒྱ་ཆ་ ༦༤ ལུ་ ཡར་སེང་སོང་ཡོདཔ་ད་ དེ་གི་འོག་ལས་ར་ ཕིན་ལེན་ལུ་ བརྒྱ་ཆ་ ༥༤ ལུ་ ཡར་སེང་སོང་ནུག།
བརྟག་ཞིབ་སྙན་ཞུ་དེ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ འཐུས་མི་རྒྱལ་ཁབ་ཚུ་ནང་ ཤ་མདོག་གནགཔོ་ཟེར་ མིང་གནས་བཀོད་པའི་ བརྟག་ཞིབ་ནང་ ཨཕ་རི་ཀ་ ས་ཧ་རའི་ ས་ཁོངས་ནང་ སྐྱེས་མི་དང་ ཡང་ཅིན་ ཕམ་ཡ་གཅིག་ ས་གནས་དེ་ཁར་སྐྱེས་ཏེ་ ད་རེས་ ཨཱཛ་ཊི་ཡ་དང་ བེལ་ཇི་ཡམ་ ཕ་རཱནཛ་ ཇར་མ་ནི་ ཨ་ཡར་ལེན་ ཨི་ཊ་ལི་ ལག་ཟེམ་བར་ པོ་ལེན་ པོར་ཊུ་གཱལ་ སི་པེན་ དེ་ལས་ སའི་ཌེན་ཚུ་གི་ནང་ལས་ མི་གྲངས་ ༦,༧༥༢ ཀྱིས་ གྲལ་གཏོགས་འབད་ནུག།
འདས་པའི་ལོ་ངོ་ ༥ གི་ནང་ ཤ་རུས་ལུ་བརྟེན་པའི་ རྩུབ་སྤྱོད་ཀྱི་ ཉམས་མྱོང་ཡོད་མི་ བརྟག་ཞིབ་ནང་ གྲལ་གཏོགས་འབད་མི་དེ་ ལོ་ ༦ གི་ཧེ་མ་དང་ ཅོག་འཐདཔ་སྦེ་ བརྒྱ་ཆ་ ༣༠ གུ་ར་ གནས་ཡོདཔ་ད་ ཉེ་རིང་དང་ རྩུབ་སྤྱོད་ཀྱི་ ཉམས་མྱོང་ཡོད་མི་ རྒྱལ་ཡོངས་ཀྱི་ ཚད་གཞི་མཐོ་ཤོས་ར་ ཇར་མ་ནི་ལུ་ བརྒྱ་ཆ་ ༥༤ གུ་ གནས་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: