མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་ ད་ས་ཡིན་ཊི་ཀའི་ དུས་སྟོན་ནང་དབུ་བཞུགས།

སྤྱི་ཟླ་ ༡༠ པའི་ཚེས་ ༢༤ གི་དྲོ་པར་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ ཀུན་གསལ་ཕོ་བྲང་ ཧིན་དྷུའི་ལྷ་ཁང་ནང་ ད་ས་ར་ཊི་ཀའི་དུས་སྟོན་ནང་ དབུ་བཞུགས་མཛད་གནང་ནུག།
དེ་བསྒང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་མཆོག་ལུ་ ལྷ་མོ་རྫོང་གཉེར་མའི་ ཆོ་ག་ཉིན་གྲངས་ ༡༠ པ་དང་འབྲེལ་ཏེ་ པནྜི་ཏ་གིས་ ཊི་ཀ་ཕུལ་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ ལྷ་མོ་རྫོང་གཉེར་མ་ལུ་ ཐུགས་སྨོན་ཚུ་གནང་སྟེ་ ལྷ་ཁང་ནང་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་སྲས་མཆོག་ མཇལ་བར་དང་ སྨོན་ལམ་དང་ ཊི་ཀའི་དོན་ལུ་ འཛོམས་མི་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།
ད་ས་ཡིན་ དུས་སྟོན་དེ་ འབྲུག་ལུ་ཡོད་མི་ ཧིན་དྷུའི་མི་སྡེ་ལུ་ གལ་གནད་ཆེ་བའི་ དུས་སྟོན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་པོ་དགའ་བྱེད་ཀྱིས་ ལངྐ་མགྲིན་བཅུ་ལས་ རྒྱལ་ཁ་ཐོབ་སྟེ་ དགེ་བའི་ལཱ་གིས་ མི་དགེ་བའི་ལཱ་ལས་ རྒྱལ་ཁ་ཐོབ་པའི་ བརྡ་མཚོན་ལུ་ཨིན་པས།
རྒྱལ་པོ་དགའ་བྱེད་ཀྱི་ རྣམ་ཐར་ལྟར་དུ་འབད་བ་ཅིན་ རྒྱལཔོ་མཆོག་གིས་ ལྷ་མོ་རྫོང་གཉེར་མ་ལུ་ གསོལ་བ་བཏབ་པའི་ཤུལ་ལས་ ཉིན་གྲངས་བཅུ་པའི་ཚེ་ ལངྐ་མགྲིན་བཅུ་དང་ ཕྱད་མདའི་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་ལས་ ད་ས་ཡིན་དེ་ བཟའ་ཚང་ནང་མི་ཚུ་ གཅིག་ཁར་འཛོམས་ཏེ་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དེ་བསྒང་ ཨ་ལོ་ཚུ་གི་ བདེ་སྲུང་གི་དོན་ལས་ བྱིན་རླབས་བཟུམ་ཅིག་སྦེ་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ལུ་ཡང་ ཊི་ཀ་བཀལ་སྲོལ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: