
སྤྱི་ཟླ་ ༡༠ པའི་ཚེས་ ༢༧ ལུ་ བརྡ་བརྒྱུད་ཞལ་འཛོམས་ ཐེངས་ ༥༡ པ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ ལོ་ངོ་ ༥ གི་ཧེ་མ་ དམངས་གཙོའི་གཞུང་ ༣ པ་ དབུ་བརྙེས་པའི་ཤུལ་ལས་ གནས་ཚུལ་ཞལ་འཛོམས་ འགོ་དང་པ་ འགོ་འདྲེན་འཐབ་ས་ རྒྱལ་ཡོངས་ཚོགས་འདུའི་ རྡོ་གཅལ་ནང་ ལོག་སྟེར་ གཞུང་སྐྱོང་དང་ བརྡ་བརྒྱུད་ལས་སྡེ་ཁག་གི་ ངོ་ཚབ་ཚུ་ འཛོམས་ཡོདཔ་ཨིན།
དེ་མ་ཚད་ ས་གོ་དེ་ རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ་-༡༩ ཐོབ་མི་ མི་ངོམ་དང་པ་ ངོས་འཛིན་གྲུབ་པའི་ཤུལ་ལས་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༣ པའི་ཚེས་ ༦ ལུ་ གནས་ཚུལ་ཞལ་འཛོམས་ འཚོགས་གནང་སའི་ ས་གོ་ཡང་ཨིན་པས།
ད་རེས་ཀྱི་ གནས་ཚུལ་ཞལ་འཛོམས་འདི་ སྤྱི་ཚོགས་ ༣ པའི་ གཞུང་སྐྱོང་གི་ གནས་ཡུན་ནང་ མཐའ་མཇུག་ཨིནམ་ལས་ མི་རྗེ་བློན་ཆེན་དང་ བློན་པོ་ལྷན་རྒྱས་ བརྡ་བརྒྱུདཔ་ཚུ་གི་བར་ན་ དྲི་བ་དྲིས་ལན་ཚུ་ ཐུགས་སྤྲོའི་སྒོ་ལས་ བརྗེ་སོར་འབད་ཡོདཔ་མ་ཚད་ བརྡ་བརྒྱུད་ཚུ་གི་ཐོག་ལས་ མི་སེར་དམངས་ཀྱི་དོན་ལུ་ བརྡ་དོན་བརྗེ་སོར་ཚུ་ཡང་འབད་ཡི།
བློན་ཆེན་གྱི་ ཡིག་ཚང་ལས་ གནས་ཚུལ་གསར་བཏོན་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ གནས་ཚུལ་རྩོམ་སྒྲིགཔ་དང་ གནས་ཚུལ་བསྡུ་བཀོདཔ་ དེ་ལས་ དཔར་བཏབ་མི་དང་ སྤྱིར་བཏང་བརྡ་བརྒྱུད་ཀྱི་ ཁྱད་ལཱ་འབད་མི་ག་ར་གིས་ བརྩོན་ཤུགས་ཀྱི་སྒོ་ལས་ དགོས་དོན་ཡོད་པའི་ གནས་ཚུལ་ཚུ་ ཁྱབ་སྤེལ་འབད་མི་ལུ་ བཀའ་དྲིན་ཆེ་ཟེར་ཨིན་པས།
དེ་ཡང་ མི་སེར་ཚུ་གི་ ནུས་སྟོབས་ཡར་དྲགས་དང་ བདེན་པ་ལུ་བརྩི་བཀུར་ དྭངས་གསལ་གོང་འཕེལ་ཚུ་གི་དོན་ལས་ མཉམ་འབྲེལ་ཐོག་ལུ་ འགན་ཁུར་འཁྲི་མིའི་ནང་ བརྡ་བརྒྱུད་ལས་སྡེ་ཚུ་གིས་ ཁྱད་ལཱའི་གནས་ཚད་ མཐོ་དྲགས་དང་ ལྷག་བསམ་རྣམ་དག་གི་ དཔེ་སྟོན་ཡོདཔ་ལས་ བཀའ་དྲིན་དགའ་ཚོར་་ཡོད་ལུགས་ཚུ་ཡང་ བཀོད་འདུག་པའི་གནས་ཚུལ།




Users Today : 6862
Users Yesterday : 1453
This Month : 6862
This Year : 302828
Total Users : 1014644
Views Today : 8924
Total views : 2938527
Who's Online : 44