
སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ སྤྱི་ཚོགས་གསུམ་པའི་ བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ཚུ་གིས་ བཀྲིས་ཆོས་རྫོང་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ ཐུགས་སྨོན་ཚུ་ གནང་ཐོག་ལས་ བཙག་འཐུ་ལས་གྲུབ་པའི་ གཞུང་གསུམ་པའི་ གནས་ཡུན་རྩ་གྲོལ་ བཏང་གནང་ཡི།
དེ་ཡང་ གཞུང་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ གཞུང་དྲུང་ཆེན་ཚུ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༡༥ འཁོར་བའི་ དུས་སྟོན་ཁྱད་པར་ཅན་དང་འབྲེལ་ཏེ་ མི་དབང་མཆོག་གི་ ཞབས་བརྟན་ཕུལ་ཐོག་ལས་ རྩ་གྲོལ་བཏང་གནང་ནུག།
དེ་བསྒང་ མི་རྗེ་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་ འཛོམས་མི་ཚུ་ལུ་ གསུངས་དོ་བཟུམ་འབད་བ་ཅིན་ ཁོ་རང་ལུ་ ཉམས་མྱོང་ཉུང་མཐའ་ལས་མེད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ བཀའ་སྲུང་དམ་ཅན་ཆོས་སྐྱོང་དང་ ཆོས་ཕྱོགས་འདུས་ཚོགས་ཚུ་གི་ སྐྱབས་མགོན་མཛད་པའི་གུ་ གཞུང་གི་འགོ་དཔོན་ཚུ་གི་ རྒྱབ་སྐོར་ཚུ་ལུ་བརྟེན་ཏེ་ གཞུང་སྐྱོང་ལེགས་ལྡན་ ངེས་གཏན་གྱི་སྒོ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཕྱག་འགན་ཚུ་ ལེགས་ཤོམ་སྦེ་ མཛད་ཚུགས་ཅི་ཟེར་ཨིན་པས།
དེ་མ་ཚད་ ང་བཅས་རའི་ མི་སེར་ཚུ་གི་ ཕན་བདེ་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་རྒྱས་ཐབས་ལུ་ ཀུན་སློང་དམ་ཟབ་ཀྱི་སྒོ་ལས་ འཇིགས་སྣང་དང་ ཆགས་སྡང་ཕྱོགས་རིས་མེད་པར་ ལོ་ངོ་ ༥ གི་རིང་ལུ་ ལཱ་དེ་ཚུ་ག་ར་ དྲན་ཤེས་ཅན་གྱི་ཐོག་ལས་ ལག་ལེན་འཐབ་པ་ལུ་བརྟེན་ཏེ་ ད་ལས་ཕར་ ལོ་ངོ་ ༡༠ དེ་ཅིག་གི་ཤུལ་ལས་ རྒྱལ་ཁབ་གོང་འཕེལ་ལུ་ ཁེ་ཕན་ཡོད་པའི་ གྲུབ་འབྲས་ཚུ་ བཏོན་ཡོད་པའི་ ཚོར་སྣང་འབྱུང་འོང་ཟེར་གསུངས་ཡི།
མི་རྗེ་བློན་ཆེན་གྱིས་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ འཛམ་བུ་གླིང་གི་ ནོར་བུ་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་པའི་ ཁྱད་ཆོས་ཚུ་ཡོད་ལུགས་དང་ མི་སེར་རེ་རེ་བཞིན་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་གསུངས་ཏེ་ ཐུགས་སྨོན་དང་བཅས་པའི་སྒོ་ལས་ གཞུང་སྐྱོང་རྩ་གྲོལ་འགྱོ་བའི་ བཀའ་རྒྱ་གུ་ མཚན་རྟགས་བཀོད་གནང་ནུག།
རྟེན་འབྲེལ་དེ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་དྲུང་ཆེན་ སྐལ་བཟང་བདེ་སྐྱིད་ཀྱིས་ གསལ་ཞུ་ཕུལ་བའི་ནང་གསལ་ མི་རྗེ་བློན་ཆེན་མཆོག་གི་ དོན་སྨིན་ཅན་གྱི་ དབུ་ཁྲིད་འོག་ལུ་ རྒྱབ་ཁུངས་མ་འདྲ་བའི་ འཐུས་མི་ཚུ་ཡོད་མི་ ལྷན་རྒྱས་གཞུང་ཚོགས་དེ་གིས་ ང་བཅས་རའི་ རྒྱལ་ཁབ་ལེགས་སྒྱུར་གྱི་དོན་ལས་ ཕྱག་ལཱ་ཚུ་གནང་པའི་ གྲུབ་འབྲས་རྩ་ཅན་ ལེ་ཤ་ཅིག་ར་ ཐོན་ཡི་ཟེར་ཨིན་པས།
དེ་མ་ཚད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ལམ་སྟོན་བཟང་པོའི་འོག་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ང་བཅས་རའི་ ཡོངས་ཁྱབ་ཅན་གྱི་ དམིགས་དོན་ཚུ་ འགྲུབ་ཐབས་ལུ་ གཅིག་བསྒྲིལ་ཅན་སྦེ་ཡང་ བཟོ་གནང་སྟེ་ཡོད་ཟེར་ཞུ་ཡི།
སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ པའི་ཚེས་ ༧ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཞལ་འཛོམས་ཐེངས་དང་པ་ ཚོགས་གནང་ཞིནམ་ལས་ཚུར་ ད་ཚུན་ ལོ་ངོ་ ༥ གི་རིང་ལུ་ ངོ་འཛོམས་དང་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་ཐེངས་ ༡༦༣ འཚོགས་གནང་ཡོདཔ་ད་ དེ་ཡང་ དམིགས་བསལ་གྱིས་ ནད་ཡམས་ཀྱི་སྐབས་ལུ་ ཞལ་འཛོམས་མང་སུ་ཅིག་ འཚོགས་གནང་ནུག།
གནས་ཡུན་དེ་ནང་ ལྷན་རྒྱས་གཞུང་ཚོགས་ལས་ བཀོད་ཁྱབ་བཀའ་རྒྱ་བསྡོམས་ ༨༠ བཏོན་གནང་ཡོདཔ་མ་ཚད་ སྲིད་བྱུས་ ༡༨ དེ་ཅིག་ཡང་ བརྩམས་གནང་ཡོདཔ་ཨིན་པའི་གནས་ཚུལ།







Users Today : 3147
Users Yesterday : 10639
This Month : 20853
This Year : 316819
Total Users : 1028635
Views Today : 3467
Total views : 2963637
Who's Online : 52