
སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ བཙག་འཐུའི་དུས་ཡུན་ནང་ གཞུང་གི་ཕྱག་འགན་བཞེས་མི་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་གི་ བཀའ་ཤོག་གནང་ཡོདཔ་ད་ དེ་ཡང་ རྩ་ཁྲིམས་ཆེན་མོའི་ནང་ གནས་སྐབས་ཀྱི་གཞུང་དེ་ འབྲུག་རྒྱལཔོ་མཆོག་གིས་ བཀའ་ཤོག་གནང་ཐོག་ལས་ བསྐོ་བཞག་འགྲུབ་དགོཔ་སྦེ་ཡོདཔ་ཨིན་པས།
གནས་སྐབས་ཀྱི་གཞུང་ ཉིན་གྲངས་ ༩༠ གི་དོན་ལས་ བསྐོ་བཞག་གནང་དགོ་མི་དེ་ཡང་ གཙོ་བོ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་བྱ་སྒོ་ཚུ་ དྲང་བདེན་དང་ འདྲ་མཉམ་གྱི་སྒོ་ལས་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་པས།
ད་རེས་ གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་དེ་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་སྒོ་རྡོ་རྗེ་གིས་ མཛད་ནི་ཨིན་པས།
གྲོས་དཔོན་གཞན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲག་ཤོས་དཔལ་འབྱོར་དང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲག་ཤོས་ཚེ་དབང་རིག་འཛིན། འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གི་ཁྲི་འཛིན་ དྲག་ཤོས་ཀརྨ་འོད་ཟེར་རལ་གྲི། རྒྱལ་གཞུང་འབྲུག་གི་དམག་སྡེའི་ ལག་ལེན་གཙོ་འཛིན་འགོ་དཔོན་འོགམ་ གུང་བློན་འོགམ་ རྡོ་རྗེ་རིན་ཆེན། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ལྷ་མོ་རྡོ་རྗེ། ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ བདེ་སྐྱིད་པདྨ། རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཞིབ་ཡོངས་ཁྱབ་ བཀྲ་ཤིས། རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་ ཕུན་ཚོགས་རབ་བརྟན་ཚུ་ཨིན་པས།
གནས་སྐབས་གཞུང་གི་ འཐུས་མི་ཚུ་གི་ འགོ་འབྱེད་རྟེན་འབྲེལ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསེར་ཁྲི་ཁང་བཟང་ནང་སྦེ་ མཇལ་ཕྲད་མཛག་གནང་ཡོདཔ་ད་ དེ་ཚེ་དྲོ་པར་ མི་རྗེ་བློན་ཆེན་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ཡང་ གཞུང་རྩ་གྲོལ་གྱི་ ཞལ་འཛོམས་ཅིག་ འཚོགས་གནང་ནུག།
གནས་སྐབས་གཞུང་གི་ འགོ་འབྱེད་རྟེན་འབྲེལ་གྱི་ཤུལ་ལས་ གནས་སྐབས་གཞུང་གི་ འཐུས་མི་ཚུ་དང་ མི་རྗེ་བློན་ཆེན་ དེ་ལས་ བློན་པོ་ཚུ་དང་བཅས་པ་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ ཀུན་དགའ་ར་བའི་ནང་ མར་མེ་སྟོང་མཆོད་ ཕུལ་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་རྒྱལ་པོའི་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༡༥ འཁོར་བའི་ དུས་སྟོན་བརྩི་སྲུང་ཡང་ ཞུ་ཡོད་པའི་གནས་ཚུལ།






Users Today : 3405
Users Yesterday : 10639
This Month : 21111
This Year : 317077
Total Users : 1028893
Views Today : 3763
Total views : 2963933
Who's Online : 16