
བི་བི་སི།
ཨིན་ཌོ་ནེ་ཤི་ཡའི་ ཚོང་ལས་ཅིག་ གློ་སྨན་ཁུ་བ་ལུ་བརྟེན་ཏེ་ ཨ་ལོ་ ༢༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་མི་དང་ འབྲེལ་བ་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཚོང་ལས་དེ་གི་ འགོ་འཛིན་དང་ འགོ་དཔོན་ ༣ ལུ་ ལོ་ངོ་ ༢ རེའི་ བཙོན་ཁྲིམས་བཀལ་བའི་ཁར་ ཨིན་ཌོ་ནེ་ཤི་ཡའི་ རུ་པི་ཡ་ ཐེར་འབུམ་ ༡ འབདཝ་ད་ ཌོ་ལར་ ༦༣,༠༢༩ དེ་ཅིག་གི་ ཉེས་ཆད་ཡང་བཀལ་ནུག།
དེ་ཡང་ ཨ་ཕི་ཕར་མ་ཟེར་མི་ ཚོང་ལས་དེ་ལུ་ ཚད་ལས་བརྒལ་བའི་ གནོད་རྫས་བླུགས་ཐོག་ལས་ གློ་སྨན་ཁུ་བ་ བཟོ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ད་ ཚོང་ལས་དེ་གི་ རྒྱབ་མི་གིས་འབད་བ་ཅིན་ དེ་སྦེ་ གནོད་རྫས་བླུགས་མི་དེ་ སྣང་མེད་ཐོག་ལུ་མིནམ་ལས་ མཐོ་གཏུགས་འབད་ནི་གི་ མནོ་བསམ་གཏང་དོ་ཟེར་ཨིན་པས།
ཁྲིམས་སར་བཀལ་མི་གིས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༡༠ པ་ལས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༢ པ་ཚུན་ལུ་ ཚོང་ལས་དེ་གིས་ གློ་སྨན་ཁུ་བའི་ནང་ རྫས་སྦྱོར་གྱི་དོན་ལས་ རྫས་རིགས་པོར་པའི་ལིན་ ག་ལའེ་ཀོ་ཟེར་མི་ སྡེ་ཚན་ ༢ ལེན་ཡོདཔ་ད་ རྫས་རིགས་དེ་ནང་ ནང་གསེས་རྫས་སྦྱོར་ ཨེ་ཐི་ལིན་ ག་ལའི་ཀཱོལ་ཟེར་མི་ བརྒྱ་ཆ་ ༩༦ ལས་ བརྒྱ་ཆ་ ༩༩ གི་བར་ན་ཡོདཔ་སྦེ་བཤད་ནུག།
ཉེས་ཁྲིམས་དེ་ཡང་ ད་རེས་ནངས་པར་ རྒྱལ་སྤྱིའི་གནས་རིམ་ནང་ སྨན་རྫས་མཁོ་སྤྲོད་ཚུ་ དམ་དམ་སྦེ་ བལྟ་རྟོག་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ འགོ་བཙུགས་པའི་ཤུལ་ལས་ བཀལ་ཡོདཔ་ད་ སྤྱི་ལོ་ ༢༠༢༢ ལས་ཚུར་ ཨིན་ཌོ་ནེ་ཤི་ཡ་ལུ་ གློ་སྨན་ཁུ་བ་ལུ་བརྟེན་ཏེ་ སྐྱེས་ལོ་ ༥ མན་ཆད་འབད་མི་ ཨ་ལོ་ ༢༠༠ ལྷགཔ་ཅིག་གི་ མཁལ་རྡོག་མེདཔ་ཐལ་ཏེ་ ཤི་རྐྱེན་བྱུང་པའི་ཁར་ གྷམ་བི་ཡ་དང་ ཨུཛ་བེ་ཀིཛ་ཏཱན་ལུ་ཡང་ ཨ་ལོ་ ༡༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ རྒྱ་གར་དང་ ཨིན་ཌོ་ནེ་ཤི་ཡ་ལུ་ བཟོ་སྦྱོར་འབད་མི་ གློ་སྨན་ཁུ་བ་ཁག་ ༦ དང་འབྲེལ་བའི་ ཉེན་བརྡ་ཚུ་ སྤེལ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 3910
Users Yesterday : 10639
This Month : 21616
This Year : 317582
Total Users : 1029398
Views Today : 4392
Total views : 2964562
Who's Online : 48