
རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་གྱི་ཁྲོམ་ ག་ཟའི་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲོམ་དེ་ནང་གི་ སྨན་ཁང་ ༣ དེ་ཅིག་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་ཡོདཔ་ལས་ གསོ་བའི་ཞབས་ཏོག་ལུ་ ཐོ་ཕོག་སྟེ་ རྨ་སྐྱོན་བྱུང་མི་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ སྡོད་ས་མེདཔ་ཐལ་ཏེ་ཡོད་ཟེར་ཨིན་པས།
ག་ཟ་གསོ་བའི་ལྷན་ཁག་ལས་ མགྲིན་ཚབ་ཨཱལ་ཀི་དར་གྱིས་འབད་བ་ཅིན་ ཨིཛ་རེལ་གྱིས་ སྨན་ཁང་ཚུ་གུ་ གཅིག་ཤུལ་གཉིས་སྦེ་ར་ མཁའ་དབྱིངས་ཐོག་ལས་ གནོད་འཚུབ་བཀལ་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ག་ཟའི་སྨན་ཁང་སྦོམ་ཤོས་ ཨཱལ་ཤི་ཕ་ཟེར་མིའི་ རྡོ་གཅལ་ལུ་དམིགས་ཏེ་ རྫས་བམ་ཚུ་ བཀོག་ཡོདཔ་སྦེ་ཨིན་པས།
ཨིཛ་རེལ་གྱིས་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ གནོད་འཚུབ་བཀལ་མི་ ཧ་མཱཛ་སྡེ་ཚན་གྱི་ གསང་བའི་ཐོག་ལས་ བཀོད་རྒྱ་བཏང་མི་ཚུ་ ཨཱལ་ཤི་ཕ་ སྨན་ཁང་འོག་ལས་ཕར་ ས་དོང་ནང་ཡོདཔ་སྦེ་ བཤདཔ་ཨིན་རུང་ ཧ་མཱཛ་གིས་འབད་བ་ཅིན་ མི་བདེན་ཟེར་ཨིན་པས།
ཨིཛ༌རེལ་གྱི་ དམག་མི་ཚུ་གིས་ ཧ་མཱཛ་སྡེ་ཚན་དེ་ རྩ་མེད་གཏང་ཐབས་ལུ་ ཕྱད་མདའ་རྐྱབ་མི་དེ་གིས་ ག་ཟ་ཁྲོམ་གྱི་ སྨན་ཁང་ཚུ་ནང་ སྨན་རྫས་དང་ འཐུང་ཆུ་ ས་སྣུམ་ཚུ་གིས་ མ་ལངས་པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།
དེ་མ་ཚད་ ག་ཟ་ཁྲོམ་ཁར་ སྨན་ཁང་ ༣༥ གི་ནང་ལས་ སྨན་ཁང་ ༡༨ དང་ སྨན་བཅོས་ལྟེ་བ་ ༤༠ ཡོད་མི་ཚུ་ནང་ སྨན་རྫས་དང་ ས་སྣུམ་མེད་པའི་རྐྱེན་གྱིས་ ཞབས་ཏོག་ཚུ་ སྤྲོད་མ་ཚུགས་པའི་ གནས་སྟངས་ནང་ཡོདཔ་ཨིན་པས།
འགྲོ་བ་མིའི་དབང་ཆ་ བལྟ་རྟོག་འབད་མི་ཚུ་གིས་ ཨཱལ་ཤི་ཕའི་ ཉེ་འདབས་ལུ་ གནོད་འཚུབ་དང་ ཕྱད་མདའ་རྐྱབ་མིའི་ནང་ ཞི་བའི་མི་སེར་དང་ ཨ་ལོ་སྟོང་ཕྲག་ལས་བཅད་མི་ཚུ་ ག་ནི་བ་ཡང་ ཚ་གྱང་ཅན་གྱི་ གནས་སྟངས་ནང་ཡོདཔ་སྦེ་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1433
Users Yesterday : 1303
This Month : 67105
This Year : 295946
Total Users : 1007762
Views Today : 3518
Total views : 2929550
Who's Online : 7