
ཨཱལ་ཇ་ཟི་ར།
བང་ལ་དེཤ་ལུ་ ཐགས་རིགས་འཕྲུལ་ཁང་ནང་ ལཱ་འབད་མི་ ༢༥,༠༠༠ དེ་ཅིག་གིས་ གཞུང་གིས་ དངུལ་ཕོགས་བསྐྱར་བཟོ་འབད་མི་ལུ་ མ་བཏུབ་སྦེ་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ ཁྲིམས་སྲུང་འགག་སྡེ་དང་ གདོང་ཐུག་བྱུང་པ་ལུ་བརྟེན་ཏེ་ ཌ་ཀའི་ཕྱི་ཁར་ ཐགས་རིགས་འཕྲུལ་ཁང་ ༡༠༠ དེ་ཅིག་ སྒོ་བསྡམས་དགོཔ་བྱུང་ནུག།
དེ་ཡང་ གཞུང་གིས་བསྐོ་བཞག་འབད་མི་ དངུལ་ཕོགས་བསྐྱར་བཟོ་སྡེ་ཚན་གྱིས་ ཐགས་རིགས་འཕྲུལ་ཁང་ཚུ་གི་ ལས་བྱེདཔ་ཚུ་གི་གླ་ཆ་ བརྒྱ་ཆ་ ༥༦.༢༥ རེ་ ཡར་སེང་འབད་ཡོད་རུང་ ལས་བྱེདཔ་ཚུ་གིས་འབད་བ་ཅིན་ ཁོང་གི་གླ་ཆ་ཚུ་ གསུམ་བལྟབ་ཀྱིས་ ཡར་སེང་འབད་དགོ་པའི་ ཐོབ་བརྗོད་བཀོདཔ་ཨིན་པས།
བང་ལ་དེཤ་ལུ་ ཐགས་རིགས་འཕྲུལ་ཁང་ ༣,༥༠༠ ཡོད་མི་ཚུ་གིས་ འཛམ་གླིང་ནང་ ཡོངས་གྲགས་ཅན་འབད་མི་ གྱོན་ཆས་སྡེ་ཚན་ ལི་བའིཛ་དང་ ཛ་ར་ ཨེཆ་ཨེན་ཨེམ་ཟེར་མི་ཚུ་ལུ་ ཐགས་རིགས་ཀྱི་ གྱོན་ཆས་ཚུ་ ཕྱིར་ཚོང་འཐབ་སྟེ་ ལོ་བསྟར་བཞིན་དུ་ ཌོ་ལར་ཐེར་འབུམ་ ༥༥ དེ་རེ་ འོང་འབབ་བཟོ་དོ་ཡོདཔ་ད་ དེ་ཡང་ ཕྱིར་ཚོང་ཡོངས་བསྡོམས་ལས་ བརྒྱ་ཆ་ ༨༥ གི་རྩིས་ཨིན་རུང་ ཐགས་རིགས་འཕྲུལ་ཁང་ཚུ་ནང་ ལཱ་འབད་མི་ཚུ་གིས་ ཟླ་རིམ་གླ་ཆ་དེ་ ཊ་ཀ་ ༨,༣༠༠ རེ་འབདཝ་ད་ ཌོ་ལར་ ༧༥ རེ་མ་གཏོགས་ མི་ཐོབ་དོ་ཡོདཔ་ཨིན་པས།
བང་དེཤ་གི་ ཁྲིམས་སྲུང་འགག་སྡེ་གིས་ ཌ་ཀའི་ཕྱི་ཁར་ ག་ཟི་པུར་དང་ ཨ་ཤུ་ལི་ཡ་ ཁྲོམ་ཚུ་གི་ནང་ཡང་ ལས་བྱེདཔ་ ༡༠,༠༠༠ ལྷགཔ་གཅིག་གིས་ ངོ་རྒོལ་འགྲེམ་སྟོན་འབདཝ་ད་ ཁྲིམས་སྲུངའགག་སྡེ་དང་ གདོང་ཐུག་བྱུངམ་ལས་ ལས་བྱེདཔ་ཚུ་གིས་ ཁྲིམས་སྲུང་འགག་པ་ཚུ་དང་ ཐགས་རིགས་འཕྲུལ་ཁང་ཚུ་ལུ་ ས་སྤག་ཅུང་དང་ རྡོ་ཚུ་བཀོགཝ་ལས་ རྨ་སྐྱོན་དང་ གནོད་སྐྱོན་ཚུ་ བྱུང་ཡོདཔ་སྦེ་ཨིན་པས།
ལས་བྱེད་ཚོགས་པ་ཚུ་གིས་འབད་བ་ཅིན་ གླ་ཆ་ཡར་སེང་དེ་ བཟའ་ཆས་དང་ ཁང་གླ་ སློབ་གྲྭའི་ཟད་འགྲོ་ སྨན་བཅོས་ཟད་འགྲོ་ཚུ་ ཡར་སེང་སོང་མི་དང་ཕྱདཔ་ད་ དོ་མཉམ་རྩ་ལས་མིན་འདུག་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་དེ་ འཇིགས་སྐྲག་སྟོན་ཡོད་པའི་ ཁ་ཉེས་ཚུ་ བཀལ་དོ་ཡོདཔ་ཨིན་པས་ཟོར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433973
Views Today :
Total views : 5000
Who's Online :