འབྲུག་རྒྱལ་ཁབ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་སྲུང་སྐྱོབ་དམག་མི་ སྡེ་ཚན་ ༢ པ་ཕྱིར་བསྐྱོད།

སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་སྦེ་ འབྲུག་གི་ཁ་ཐུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་སྲུང་སྐྱོབ་དམག་མི་ སྡེ་ཚན་ ༢ པ་ ཕྱིར་བསྐྱོད་འབད་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡི།
དེ་ཡང་ ཨམ་སྲུ་ ༡༧ དང་ ཕེ་རེནཆ་ཁ་སྐད་ཀྱི་ སྐད་སྒྱུར་འབད་མི་ རྒྱལ་གཞུང་འགག་སྡེའི་ འགོ་བདག་འོགམ་ ༢ ཀྱིས་གཙོས་པའི་ འཐུས་མི་བསྡོམས་ ༡༨༠ འབད་མི་ ཞི་བདེ་སྲུང་སྐྱོབ་སྡེ་ཚན་དེ་ འབྲུག་མཁའ་འགྲུལ་ གནམ་གྲུ་གིས་ དམིགས་བསལ་འཕུར་འགྲུལ་ ལན་ཐེངས་ ༢ ཀྱི་ཐོག་ལས་ དབུས་ཨཕ་རི་ཀའི་ རྒྱལ་ཁབ་ནང་ བསྐྱལ་ཡོདཔ་ཨིན་པས།
ཕྱིར་བསྐྱོད་རྟེན་འབྲེལ་སྐབས་ལུ་ མངའ་བདག་བསྟི་སྭ་ ཞུ་ཡོདཔ་མ་ཚད་ དམག་སྡེའི་འཐུས་མི་ཚུ་ གནམ་གྲུའི་ནང་ འཛུལ་བའི་སྐབས་ལུ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བསྟི་སྭ་ཞུ་ནུག།
དེ་བསྒང་ གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གིས་གཙོས་པའི་ ཆེ་མཐོའི་འགོ་དཔོན་ཚུ་དང་ དམག་སྡེའི་འཐུས་མི་ཚུ་གི་ བཟའ་ཚང་ནང་མི་ཚུ་ཡང་ ལམ་འཇུག་གི་དོན་ལས་ འཛོམས་ཡོདཔ་ཨིན་པས།
འབྲུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་སྡེ་ཚན་དང་པ་དེ་ ན་ཧིང་ བཏང་ཡོདཔ་ད་ ཁོང་གིས་ དབུས་ཨཕ་རི་ཀའི་ རྒྱལ་ཁབ་ནང་ འཛམ་གླིང་སྤྱི་ཚོགས་ཁྱད་ཆོས་སྣ་མང་གི་ གཅིག་བསྒྲིལ་གཞི་བརྟན་ལས་དོན་ནང་ མཐར་འཁྱོལ་ཅན་སྦེ་ གྲལ་གཏོགས་མཇུག་བསྡུ་ནུག།
དུས་ཅི་ སྤྱི་ཟླ་ ༡༠ པའི་ནང་ འབྲུག་གི་སྡེ་ཚན་དེ་ལུ་ དབུས་ཨཕ་རི་ཀའི་ རྒྱལ་ཁབ་ནང་ ཞི་བདེ་དང་ གཞི་བརྟན་གྱི་ ཞབས་ཏོག་ཞུ་བའི་ ངོས་ལེན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེའི་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པས།
འབྲུག་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་སྲུང་སྐྱོབ་ནང་ གྲལ་གཏོགས་འགོ་དང་པ་ སྤྱི་ལོ་ ༢༠༡༤ ལས་ བལྟ་རྟོག་འབད་མི་ དམག་མི་དང་ དམག་མིའི་འགོ་དཔོན་ དེ་ལས་ རྒྱལ་གཞུང་འགག་སྡེའི་ འགོ་དཔོན་ངོ་རྐྱང་ཚུ་བཏང་སྟེ་ འགོ་བཙུགས་ཡོད་པའི་གནས་ཚུལ།

Please follow and like us: