
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གནས་སྐབས་གཞུང་གི་ གྲོས་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ རྒྱ་གར་ལུ་ ཉིན་གྲངས་ ༨ ཀྱི་ གཞུང་དོན་གཟིགས་སྐོར་དེ་ མཇུག་བསྡུ་སྟེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ རྒྱལ་ཁབ་ནང་ ལོག་ཕེབས་ཅི།
དེ་ཡང་ མི་དབང་མཆོག་གིས་ རྒྱ་གར་ཨ་སམ་དང་ དིལླི་ དེ་ལས་ མུམ་བཱའི་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་བཞིན་དུ་ རྒྱ་གར་གྱི་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ དིལླི་དང་ མུམ་བཱའི་ལུ་ ཡོངས་གྲགས་ཅན་གྱི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ཡང་ མཇལ་ཕྲད་གནང་ནུག།
མི་དབང་ཞབས་ཀྱིས་ གཟིགས་སྐོར་མཐའ་མཇུག་ར་ མུམ་བཱའི་ལུ་ གནང་ཡོདཔ་ད་ དེ་བསྒང་ མཧཱ་རཱཤ་ཏ་ར་མངའ་སྡེའི་ སྤྱི་ཁྱབ་ཀྱིས་ མི་དབང་མཆོག་གི་དོན་ལས་ ཚོགས་སྟོན་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ད་རེས་ མི་དབང་མཆོག་གི་ གཞུང་དོན་གཟིགས་སྐོར་ལུ་བརྟེན་ཏེ་ འབྲུག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ མཐུན་ལམ་འདི་ སྔར་བ་ལྷག་པའི་ རྩ་བརྟན་སོང་ཡོདཔ་ད་ རྒྱ་གར་གཞུང་གི་ བློན་ཆེན་གྱིས་ འབྲུག་གི་གོང་འཕེལ་ གསར་བཏོད་ལས་དོན་ཚུ་ལུ་ རྒྱབ་སྐྱོར་ཧྲིལ་བུར་ཡོད་ཟེར་ཞུ་ནུག།
དེ་བཟུམ་སྦེ་ རྒྱ་གར་གྱི་ ཚོང་འབྲེལ་འགོ་ཁྲིདཔ་ཚུ་དང་ གསུང་གྲོས་གནང་ཐོག་ལས་ རྒྱ་གར་གྱི་ ལས་འཛིན་སྦོམ་ཚུ་དང་གཅིག་ཁར་ཡང་ མཉམ་འབྲེལ་འགོ་བཙུགས་ནི་གི་ མདུན་ལམ་སེལ་གནང་ཡོདཔ་ཨིན་པས།
མི་དབང་མཆོག་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་ལུ་ གཞུང་དོན་གཟིགས་སྐོར་གྱི་དོན་ལས་ ཆིབས་བསྐྱོད་གནང་མི་འདི་ འགོ་དང་པ་ཨིནམ་ད་ དེ་བསྒང་ ཨ་སམ་མངའ་སྡེའི་ གཞུང་དང་ མི་སེར་ཚུ་གིས་ དགའ་ཚོར་དང་བཅས་པའི་སྒོ་ལས་ ཕེབས་བསུ་ཞུ་ནུག།
མི་དབང་ཞབས་ཀྱི་ གཟིགས་སྐོར་དེ་ལུ་བརྟེན་ཏེ་ འབྲུག་དང་ ཁྱིམ་མཚེས་མངའ་སྡེ་ ཨ་སམ་ ༢ ཀྱི་བར་ན་ གནའ་སྔ་མའི་དུས་ལས་ཡོད་མི་ མཐུན་ལམ་དེ་ ཧེང་སྐལ་ར་ དམ་ཟབ་སོང་ཡོད་པའི་གནས་ཚུལ།







Users Today : 144
Users Yesterday : 1453
This Month : 144
This Year : 296110
Total Users : 1007926
Views Today : 267
Total views : 2929870
Who's Online : 10