ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་སའི་ས་གནས་ག་ཟའི་སྨན་ཁང་ནང་ འཐུང་ཆུ་དང་ སྲོག་རླུང་ཚུ་གི་དཀའ་ངལ།

བི་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་རྐྱབ་སའི་ ས་གནས་ག་ཟ་ལུ་ཡོད་མི་ སྨན་ཁང་གཙོ་བོའི་ མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་དམག་མི་ཚུ་གིས་ གནོད་འཚུབ་བཀལ་ མི་ སྨན་ཁང་དེ་ནང་ སྲོག་རླུང་དང་ འཐུང་ཆུ་གིས་ མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ལས་ ནདཔ་ཚུ་ཁ་སྐོམ་སྟེ་ བྱེལ་སྐད་ཤོར་དོ་ཟེར་ཨིན་པས།
དེ་ཡང་ གནས་སྟངས་སྐྱོ་དྲགས་སྦེ་ ཐལ་ཏེ་ཡོད་མི་ ཨཱ་ཤི་ཕ་ སྨན་ཁང་ནང་ སྨན་བཅོས་ལས་གཡོགཔ་ ༥༠༠ དང་ ནདཔ་ ༦༥༠ དེ་ལས་ སྡོད་ས་མེད་མི་ ༥,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
མདོ་ཆེན་གྱིས་ བཤད་མིའི་ནང་ ཨིཛ་རེལ་དམག་མི་ཚུ་གིས་ མཚོན་ཆ་སྟོབས་དང་བཅས་པའི་སྒོ་ལས་ ག་ཟ་ཁྲོམ་གྱི་སྨན་ཁང་ མཐའ་བསྐོར་ཏེ་ཡོདཔ་མ་ཚད་ སྨན་ཁང་གུ་ལས་ཕར་ ཕྱད་མདའི་གནམ་གྲུ་ཆུང་བ་ ཌཱོན་ཚུ་ཡང་ བཏང་ཐོག་ལས་ སྨན་ཁང་ནང་ འཚོལ་ཞིབ་འབད་དེ་ ཉིན་གྲངས་ ༢ ཡར་སོང་ཡི་ཟེར་ཨིན་པས།
ཨིཛ་རེལ་དམག་སྡེ་གིས་ ཧ་མཱཛ་གི་རྒྱབ་འགལ་ལུ་ གསང་བའི་སྒོ་ལས་ གོ་རིམ་བཞིན་དུ་ ལག་ལེན་འཐབ་དོ་ཟེར་ཨིན་རུང་ སྨན་ཁང་ནང་ ཐོགས་ལུས་མི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ སྨན་ཁང་གི་ ས་ཁོངས་དེ་ ཨིཛ་རེལ་དམག་མི་ཚུ་གིས་ གང་སྟེ་ཡོདཔ་མ་ཚད་ ཀྲོབ་མདའ་ཚུ་ཡང་ གར་ལྷོད་རྐྱབ་མས་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལུ་ ཨིཛ་རེལ་དམག་སྡེ་གིས་ ཨ་མཱཛ་གི་ ལག་ལེན་འཐབ་མི་ ས་དོང་ཅིག་ འཚོལ་ཐོབ་ཡོདཔ་བཞིན་དུ་ ས་དོང་དེ་ནང་ མཚོན་ཆ་གིས་གང་སྟེ་ཡོད་མི་ སྣུམ་འཁོར་ཅིག་ཡང་ ཐོབ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: