
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འགྲུལ་སྐྱོད་ཐོག་ལས་ ཚོགས་རྒྱན་བཙུགས་མ་ཚུགས་མི་ཚུ་གི་དོན་ལུ་ དམིགས་བསལ་གྱི་ ཚོགས་རྒྱན་མཐུན་རྐྱེན་ གཞི་བཙུགས་འབད་ནི་དེ་གིས་ སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལས་ དབང་པོ་སྐྱོན་ཅན་ཚུ་གིས་ཡང་ ཚོགས་རྒྱན་བཙུགས་ཚུགས་ནི་ཨིན་པས།
དེ་ཡང་ ངོས་འཛིན་འབད་དེ་ཡོད་མི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་འགོ་དཔོན་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་འབག་སྟེ་ དབང་པོ་སྐྱོན་ཅན་ཚུ་གི་ ཁྱིམ་ནང་བསྐྱལ་ནི་ཨིནམ་ད་ དམིགས་བསལ་ཚོགས་རྒྱན་དེ་ཡང་ ཉིནམ་ ༣ གྱི་ཧེ་མར་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལས་ ༢༥ ཚུན་ འགོ་འདྲེན་འཐབ་ནི་ཨིན་པས།
དམིགས་བསལ་སྔ་གོང་གི་ ཚོགས་རྒྱན་མཐུན་རྐྱེན་དེ་གིས་ ངོས་འཛིན་ཅན་གྱི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་ ལྷོད་མ་ཚུགས་མི་དང་ དུས་ཡུན་རིངམོ་སྦེ་ན་མི་ དེ་ལས་ མལ་ཆའི་ནང་ལས་ ལོང་མ་ཚུགས་མི་ ནདཔ་ཚུ་དང་ ལོ་ན་རྒས་མི་ གཟུགས་སྤར་མ་ཚུགས་མི་ཚུ་གི་དོན་ལུ་ ཞབས་ཏོག་བྱིན་ནི་ཨིན་པས།
དེ་འབདཝ་ལས་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ཡོད་མི་ ༢,༠༠༠ ལྷགཔ་ཅིག་གིས་ དམིགས་བསལ་སྔ་གོང་གི་ ཚོགས་རྒྱན་མཐུན་རྐྱེན་ སྤྱོད་ཚུགས་ནི་ཨིནམ་ད་ དེ་ཡང་ བློ་གཏད་དང་ ཡིད་ཆེས་ཡོད་པའི་ མི་ངོམ་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ལུ་ རྒྱབ་སྐྱོར་འབད་ནི་དང་ དེ་བསྒང་ དཔང་པོ་སྦེ་ བཙག་འཐུ་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཚོགས་ ༤ པའི་ རྒྱལ་ཡོངས་ཚོགས་འདུ་ འགོ་ཐོག་བཙག་འཐུའི་དོན་ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ ༤༩༦,༨༣༦ ཡོད་མིའི་གྲས་ལས་ མོ་ ༢༥༤,༧༤༢ དང་ ཕོ་ ༢༤༢,༠༩༤ ཡོདཔ་ད་ ཚོགས་རྒྱས་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་ ༤༩༦,༨༣༦ ལས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ མི་གྲངས་ ༡༢༥,༩༤༩ གིས་ ཐོ་བཀོད་འབད་ནུག།
རྫོང་ཁག་ཚུ་གི་གྲས་ལས་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ཡོད་མི་ མཐོ་ཤོས་ར་ བསམ་རྩེ་རྫོང་ཁག་ལུ་ཨིནམ་ད་ རྫོང་ཁག་དེ་ནང་ ཐོ་བཀོད་འབད་མི་བསྡོམས་ ༥༣,༣༨༦ ལས་ ཕོ་ ༢༧,༦༠༥ དང་ མོ་ ༢༥,༧༨༡ ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ར་ བཀྲིས་སྒང་རྫོང་ཁག་ནང་ ཐོ་བཀོད་འབད་མི་བསྡོམས་ ༥༢,༩༣༢ ལས་ ཕོ་ ༢༥,༥༥༣ དང་ མོ་ ༢༧,༣༧༩ ཡོདཔ་ད་ མཐོ་ཤོས་ཨང་ ༣ པ་དེ་ མོང་སྒར་རྫོང་ཁག་ནང་ ཐོ་བཀོད་འབད་མི་བསྡོམས་ ༣༨,༧༢༧ ལས་ ཕོ་ ༡༨,༥༧༩ དང་ མོ་ ༢༠,༡༤༨ ཨིན་པས།
རྫོང་ཁག་ཚུ་གི་གྲས་ལས་ ཚོགས་རྒྱན་བཙུགས་མི་ ཉུང་ཤོས་ར་ མགར་ས་རྫོང་ཁག་ཨིནམ་ད་ རྫོང་ཁག་དེ་ནང་ ཐོ་བཀོད་འབད་མི་ ༢,༣༠༠ ལས་ ཕོ་ ༡,༠༩༠ དང་ མོ་ ༡,༢༡༠ ཡོདཔ་ད་ རྫོང་ཁག་དེ་གི་ལྟག་ལས་ ཧཱ་རྫོང་ཁག་ནང་ ཐོ་བཀོད་འབད་མི་ཡོངས་བསྡོམས་ ༨,༥༦༥ ལས་ ཕོ་ ༤,༠༨༦ དང་ མོ་ ༤,༤༧༩ ཡོདཔ་ཨིན་པའི་གནས་ཚུལ།







Users Today : 2295
Users Yesterday : 3875
This Month : 81850
This Year : 518843
Total Users : 1230659
Views Today : 4345
Total views : 3285059
Who's Online : 8