གློག་རིག་ཡོངས་འབྲེལ་ཐོག་ལས་ འཛམ་གླིང་ལྷོ་ཕྱོགས་ཀྱི་ དབུ་ཁྲིད་ཞལ་འཛོམས།

སྤྱི་ཟླ་ ༡༡ པའི་ཚེས་ ༡༧ ལུ་ འཛམ་གླིང་ལྷོ་ཕྱོགས་ཀྱི་ དབུ་ཁྲིད་ཞལ་འཛོམས་ ཐེངས་ ༢ པ་དེ་ གློག་རིག་ཡོངས་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ནང་ རྒྱ་གར་གཞུང་གིས་ ཞུ་བ་འབདཝ་བཞིན་དུ་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ གྲལ་གཏོགས་མཛད་ཡོདཔ་ད་ ཞལ་འཛོམས་དེ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གི་ ཁྲི་འཛིན་འོག་ལུ་ འཚོགས་གནང་ནུག།
དེ་བསྒང་ གྲོས་དཔོན་སྤྱི་ཁྱབ་ཀྱིས་ འཛམ་གླིང་ལྷོ་ཕྱོགས་ཀྱི་ ཕན་བདེ་གོང་འཕེལ་ལུ་ རྒྱ་གར་གཞུང་གིས་ འཛམ་གླིང་ནང་ ལམ་ལུགས་གསར་བརྩམས་ཀྱི་ འགོ་ཁྲིད་མཛད་མི་ བློན་ཆེན་མཆོག་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ འབྲུག་ལུ་ གནམ་གཤིས་དང་འབྲེལ་བའི་ མ་དངུལ་གྱི་ ཚ་གྱང་དང་ དོ་འགྲན་ཚུ་གི་སྐོར་ལས་ཡང་ གསལ་བཤད་མཛད་ཡོདཔ་ཨིན་པས།
དེ་མ་ཚད་ རྒྱལ་སྤྱིའི་གཙུག་སྡེ་ཚུ་ གཞི་སྒྱུར་གྱི་སྒོ་ལས་ ད་རེས་ཀྱི་ སྲིད་འབྲེལ་གནས་སྟངས་ཚུ་གི་ བརྡ་མཚོན་ཐོག་ལུ་ འཇོན་ཚད་ལྡན་པའི་ གོང་འཕེལ་མ་དངུལ་གྱི་ དགོས་མཁོ་ཡོད་ལུགས་ཚུ་ཡང་ གསལ་བཤད་མཛད་ནུག།
དབུ་ཁྲིད་ཞལ་འཛོམས་དེ་ རྒྱ་གར་གཞུང་གིས་ གསར་བཏོད་འབད་བའི་ ལས་དོན་ཅིག་ཨིནམ་ད་ དེ་ཡང་ འཛམ་གླིང་ལྷོ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ མཐོང་སྣང་དང་ གཙོ་རིམ་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ བརྗེ་སོར་འབད་ཐབས་ལུ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་ མཛད་ཚར་བའི་ཤུལ་ལས་ ཕྱི་འབྲེལ་དང་ གསོ་བའི་བློན་པོ་ཚུ་གི་ ཞལ་འཛོམས་ནང་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་གྲོས་དཔོན་ དྲག་ཤོས་ཚེ་དབང་རིག་འཛིན་དང་ གསོ་བ་ལྷན་ཁག་གི་གྲོས་དཔོན་ ཨམ་ཀརྨ་ལྷ་མོ་རྡོ་རྗེ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: