
རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལོའི་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འཛམ་གླིང་ནང་ ས་གནས་ག་ཟ་དེ་ ཨ་ལོའི་དོན་ལས་ ཉེན་ཁ་སྦོམ་ཤོས་ཅིག་ལུ་ གྱུར་སོང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ པེ་ལིཛ་ཊིན་གྱི་ དྲག་ཐོག་དབང་བཙོང་དམག་སྡེ་ ཧ་མཱཛ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་བའི་ ཉིན་མ་ལས་ཚུར་ པེ་ལིཛ་ཊིན་གྱི་ ཨ་ལོ་ ༥,༣༠༠ ལྷགཔ་ཅིག་ དམར་བསད་འབད་ཡོད་པའི་ སྙན་ཞུ་ཡོདཔ་སྦེ་ གསལ་བཤད་འབད་ནུག།
དེ་བསྒང་ ཧ་མཱཛ་གིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་ཏེ་ མི་གྲངས་ ༡,༢༠༠ དམར་བསད་འབད་བའི་ཁར་ མང་ཤོས་ཅིག་ ཞི་བའི་མི་སེར་ཨིན་མི་ཚུ་ བཙན་བཟུང་འབད་དེ་ ཁྱིད་ཞིནམ་ལས་ཚུར་ ཨིཛ་རེལ་གྱིས་ མི་རློབས་ས་ཡ་ ༢.༣ འབད་མི་ ས་གནས་ག་ཟའི་ ཧ་མཱཛ་དམག་སྡེ་ལུ་ གདོང་ལན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
པེ་ལིཛ་ཊིན་དང་ ཨིཛ་རེལ་གྱི་ ཕྱད་མདའི་གནས་གོང་ངོ་མ་དེ་ དམར་བསད་འབད་ཡོད་མི་ ཨ་ལོའི་གྱངས་ཁའི་ཐོག་ལུ་ ཚད་འཇལ་འབད་དགོ་ནི་ཨིནམ་ད་ ཕྱད་མདའ་དེ་ལུ་བརྟེན་ཏེ་ མིའི་ཚེ་སྲོག་བྱངམ་མ་ཚད་ དམར་བསད་མ་འབད་མི་ཚུ་གི་ འཚོ་བའི་གནས་སྟངས་དེ་ཡང་ དུས་ནམ་ཡང་ ཉམས་གསོ་འབད་མ་ཚུགས་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་སྦེ་ བཀོད་ཁྱབ་མདོ་ཆེན་གྱིས་ གསལ་བཤད་འབད་ནུག།
དེ་བཟུམ་སྦེ་ འཛམ་གླིང་སྤྱི་ཚོགས་ ཨམ་སྲུའི་བཀོད་ཁྱབ་མདོ་ཆེན་ སི་མ་བ་ཧུཛ་གིས་ཡང་ འཐུས་མི་ ༡༥ འབད་མི་ སྲུང་སྐྱོབ་ལྷན་ཚོགས་ལུ་ ག་ཟའི་ཨམ་སྲུ་ཚུ་གི་ ཞི་བདེ་ལུ་ སྨོན་ལམ་བཏབ་དོ་ཡོད་རུང་ ཞི་བདེ་མེད་པར་ ཤི་དགོཔ་འབྱུང་པ་ཅིན་ རང་སོའི་ཨ་ལོ་ཚུ་ ཕང་མར་བཏབ་སྟེ་ དུས་ཡུན་ཐུང་ཀུ་ཅིག་གི་བར་ན་ ཤི་ནི་ཡོད་པའི་ སྨོན་ལམ་བཏབ་དོ་ཡོད་པའི་ གསལ་བཤད་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433982
Views Today :
Total views : 5000
Who's Online :