
སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ སྲིད་དོན་ཚོགས་པ་ ༥ གིས་ དོ་འགྲན་འབད་མིའི་གྲས་ལས་ མི་སེར་དམངས་གཙོའི་ཚོགས་པ་དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ ༢ ཀྱིས་ སྤྱི་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ནུག།
དེ་ཡང་ སྤྱི་ཚོགས་བཞི་པའི་ འགོ་ཐོག་བཙག་འཐུའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་ཕུན་སུམ་ཚོགས་པ་ འབྲུག་མཐུན་འབྲེལ་ཚོགས་པ་ མི་སེར་དམངས་གཙོའི་ཚོགས་པ་ ༥ གི་བར་ན་ དོ་འགྲན་འབད་ཡི།
སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ འབྲུག་གི་བཙག་འཐུའི་ལྷན་ཚོགས་ལས་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་གསལ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༡༣༣,༢༡༧ འབདཝ་ད་ བརྒྱ་ཆ་ ༤༢.༥༣ དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༦༡,༣༣༡ འབདཝ་ད་ བརྒྱ་ཆ་ ༡༩.༥༨ ཐོབ་ཡོདཔ་ལས་ སྤྱི་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༤༦,༦༩༤ འབདཝ་ད་ བརྒྱ་ཆ་ ༡༤.༩༡ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༤༡,༡༠༦ འབདཝ་ད་ བརྒྱ་ཆ་ ༡༣.༡༢ འབྲུག་མཐུན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༣༠,༨༡༤ འབདཝ་ད་ བརྒྱ་ཆ་༩.༨༣ ལས་ མ་ཐོབ་ནི་དེ་གིས་ སྲིད་དོན་ཚོགས་པ་ ༣ པོ་དེ་ ཕྱིར་བུད་སོང་ནུག།
དུས་ཅི་ འགོ་ཐོག་བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་ ༣༡༣,༡༦༢ འབདཝ་ད་ བརྒྱ་ཆ་ ༦༣.༠༣ གིས་ དོ་འགྲན་ཅན་གྱི་ སྲིད་ཚོགས་ ༥ ལུ་ རང་སོའི་བློ་འདོད་དང་བསྟུན་པའི་ གསང་བའི་ཚོགས་རྒྱན་ བཙུགས་ཡོདཔ་ད་ དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་ ༡༡༧,༤༤༣ འབདཝ་ད་ བརྒྱ་ཆ་ ༣༥.༨ དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བསྡོམས་ ༡༩༥,༧༡༩ འབདཝ་ད་ བརྒྱ་ཆ་ ༦༣.༨ ཀྱིས་ བཙུགས་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ ༢ ཀྱི་བར་ན་ དོ་འགྲན་འབད་དེ་ འདེམས་ཁོངས་མང་ཤོས་འཐོབ་མི་ སྲིད་དོན་ཚོགས་པ་གིས་ གཞུང་སྐྱོང་དང་ འདེམས་ཁོངས་ཉུང་ཤོས་འཐོབ་མི་ སྲིད་དོན་ཚོགས་པ་གིས་ ལྡོག་ཕྱོགས་འབད་ ཕྱག་ཞུ་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1407317
Views Today :
Total views : 5000
Who's Online :