
སྤྱི་ཟླ་ ༡༢ པའི་ཚེས་ ༡ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ གཞུང་འབྲེལ་ཐོག་ལས་ སྤྱི་ཚོགས་ ༤ པའི་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་གསལ་སྟོན་སྐབས་ལུ་ འདས་པའི་བཙག་འཐུ་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་ ༣.༣༦ དེ་ཅིག་ མར་བབས་ཡར་སོང་ནུག་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༡༨ ཀྱི་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་ ༦༦.༣༦ ཡོད་རུང་ སྤྱི་ལོ་ ༢༠༢༣ དང་ ༢༠༢༤ གི་ འགོ་ཐོག་བཙག་འཐུའི་ནང་ བརྒྱ་ཆ་ ༦༣ ལུ་ མར་བབས་སོང་ཡོདཔ་ད་ རྒྱལ་ཁབ་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ ཐོ་བཀོད་གྲུབ་མི་ ཡོངས་བསྡོམས་ ༤,༩༧,༠༥༨ ལས་ མི་ངོམ་ ༣༡༣,༡༦༢ དེ་ཅིག་ ཚོགས་རྒྱན་བཙུགས་པར་ མ་འོང་པས་ཟེར་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ ད་རེས་ ཚོགས་རྒྱན་ས་ཁོངས་ ༨༠༩ ཡོད་མིའི་ནང་ མི་ངོམ་ ༡༩༥,༧༡༩ གིས་ མི་ངོ་བོ་སྦེ་སོང་སྟེ་ འཕྲུལ་ཆས་ཚོགས་རྒྱན་ བཙུགས་ཡོདཔ་ད་ རྒྱལ་ཁབ་ནང་འཁོད་དང་ ཕྱི་རྒྱལ་ཁག་ལས་ མི་ངོམ་ ༡༡༧,༤༤༣ གྱིས་ འགྲེམ་ཐོག་རྒྱན་ཤོག་བཙུགས་ནུག།
དེ་སྦེ་ ཚོགས་རྒྱན་བཙུགས་མི་གྲས་ཁར་ ཕོ་ ༡,༥༤,༩༢༥ དང་ མོ་ ༡,༥༨,༢༣༧ ཡོདཔ་ད་ འདེམས་ཁོངས་ཚུ་གི་གྲས་ལས་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ར་ མགར་ས་མཁའ་སྟོད་-ལ་ཡ་འདེམས་ཁོངས་ནང་ བརྒྱ་ཆ་ ༧༨.༣༡ དང་ ཉུང་ཤོས་ར་ བསམ་རྩེ་རྫོང་ཁག་ ཨོ་རྒྱན་རྩེ་-འོད་གསལ་རྩེ་ འདེམས་ཁོངས་ནང་ བརྒྱ་ཆ་ ༥༦.༢ ཨིན་པས།
དེ་ལས་ མགར་ས་ཁ་སྨད་-ལུང་ནང་ན་དང་ དབང་འདུས་ཕོ་བྲང་ ཉི་ཤོ་-སྲས་ཕུག་ འདེམས་ཁོངས་ ༢ ཀྱི་ནང་ ཚོགས་རྒྱན་བཙུགས་མི་ བརྒྱ་ཆ་ ༧༠ ལྷགཔ་རེ་ ལྷོད་ཡོདཔ་ད་ འདེམས་ཁོངས་གཞན་ཚུ་ནང་ བརྒྱ་ཆ་ ༥༠ ཡན་ཆད་ལྷོད་ནུག།
བསམ་བརྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ༥༣,༣༨༦ ཡོད་མི་དེ་ རྫོང་ཁག་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་རུང་ མི་ངོམ་༣༠,༥༡༥ གིས་མ་གཏོགས་ ཚོགས་རྒྱན་མ་བཙུགསཔ་ཨིན་པས།
ད་རེས་ ཚོགས་རྒྱན་མཐོ་ཤོས་ཐོབ་སྟེ་ གདམ་འཐུ་གྲུབ་མི་ སྲིད་དོན་ཚོགས་པ་ ༢ ཀྱི་ འདེམས་ངོ་ཚུ་གིས་ སྤྱིར་བཏང་བཙག་འཐུའི་དོན་ལས་ གདམ་ངོའི་ཡིག་ཆ་ཚུ་ སྤྱི་ཟླ་ ༡༢ པའི་ཚེས་ ༩ གི་ ནང་འཁོད་ལུ་ བཙུགས་དགོཔ་ཨིན་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1407454
Views Today :
Total views : 5000
Who's Online :