
ད་རེས་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ ཚོགས་རྒྱན་འབོར་ཆེ་ཏོག་ཏེ་སྦེ་ ཐོབ་ཡོདཔ་བཞིན་དུ་ འདེམས་ཁོངས་ ༣༩ ལས་ རྒྱལ་ཁ་ཐོབ་ནུག།
དེ་ཡང་ ཧཱ་གསང་སྦས་ཁ་ འདེམས་ཁོངས་ཀྱི་ འདེམས་ངོ་དང་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་གཙོས་པའི་ མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་ ༡༣༣,༢༡༧ ཐོབ་མི་དེ་ བརྒྱ་ཆ་ ༤༣ ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ ༦༡,༣༣༡ ཐོབ་ཡོདཔ་ལས་ སྤྱིར་བཏང་བཙག་འཐུའི་ནང་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ གཞུང་སྐྱོང་གི་དོན་ལུ་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ནུག།
འགོ་ཐོག་བཙག་འཐུའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ རྒྱལ་ཁབ་ནང་ འདེམས་ཁོངས་ ༤༧ ལས་ དགའ་ས་རྫོང་ཁག་ ཁ་སྨད་-ལུང་ནག་ན་ འདེམས་ཁོངས་དང་ བཀྲིས་གཡང་རྩེ་ ཁམས་དྭངས་-རམ་སྦྱར་འདེམས་ཁོངས་ བཀྲིས་སྒང་ བཀང་ལུང་-བསམ་མཁར་-ཨུ་ཛོ་རོང་ དེ་ལས་ ཝམ་རོང་འདེམས་ཁོངས་ ༤ ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ རྒྱལ་ཁ་ཐོབ་མི་ལུ་ བཀྲིན་དགའ་འཚོར་ཡོད་ལུགས་དང་ གྲུབ་འབྲས་ལེགས་ཤོམ་སྦེ་ ཐོན་མི་དེ་ མི་སེར་ཚུ་གིས་ དམངས་གཙོ་ཚོགས་པ་ལུ་ བློ་གཏད་དང་ ཡིད་ཆེས་ཡོད་མི་ལུ་བརྟེན་ཏེ་ཨིནམ་ལས་ ད་རེས་ གྲུབ་འབྲས་ཐོན་དོ་བཟུམ་སྦེ་ར་ སྤྱིར་བཏང་བཙག་འཐུའི་ནང་ཡང་ གྲུབ་འབྲས་འཕྲོ་མཐུད་དེ་ར་ ལེགས་ཤོམ་སྦེ་ འཐོན་ནི་ལུ་ རྩ་འགེངས་ནི་ཨིན་པས།
མ་གཞི་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་སྦོམ་སྦེ་ཡོད་མི་ ན་ནོང་-ཤུ་མར་ འདེམས་ཁོངས་དང་ པཱན་སྦང་འདེམས་ཁོངས་ མོང་སྒར་རྫོང་ཁག་གི་ འདེམས་ཁོངས་ ༣ དེ་ལས་ བསམ་གྲུབ་ལྗོངས་མཁར་དང་ བུམ་ཐང་ བཀྲིས་བསྒང་ རྫོང་ཁག་གི་ འདེམས་ཁོངས་མང་ཤོས་ཅིག་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ནུག།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དེ་ སྲིད་དོན་ཚོགས་པ་གསརཔ་ཨིན་རུང་ འགོ་ཐོག་བཙག་འཐུའི་ནང་ འདེམས་ཁོངས་ ༤ ལས་ རྒྱལ་ཁ་ཐོབ་པའི་ཁར་ སྤྱིར་བཏང་སྲིད་ཚོགས་ ༥ གི་གྲས་ལས་ ཚོགས་རྒྱན་མཐོ་ཤོས་ ཨང་ ༢ པ་ཐོབ་སྟེ་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་སྟེ་ཡོདཔ་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་གཙོ་འཛིན་ དྲགོས་པདྨ་ཚེ་དབང་གིས་ མི་སེར་གྱི་ རྒྱབ་སྐྱོར་ཐོག་ལས་ སྤྱིར་བཏང་བཙག་འཐུའི་ནང་ ལྷོད་ཚུགས་མི་ལུ་ འབྲུག་མི་ཡོངས་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ཚོགས་པའི་གཞི་རྩ་དང་ ལྟ་བ་དེ་ཡང་ ལམ་ལུགས་དང་ སྒྲིག་གཞི་ བཅའ་ཁྲིམས་ཚུ་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ལས་ ཞི་གཡོགཔ་དང་ མི་སེར་ཚུ་གིས་ བློ་གཏད་དང་ ཡིད་ཆེས་འདྲོངས་མི་ལུ་བརྟེན་ཏེ་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ བཤདཔ་ཨིན་པས།
ད་ལས་ཕར་ མི་སེར་དམངས་གཙོ་ཚོགས་པ་དང་གཅིག་ཁར་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་དང་ རྩ་འགེངས་དགོཔ་ཡོདཔ་ད་ རྟེན་འབྲེལ་ཚོགས་པའི་ནང་ འདེམས་ངོ་ཚུ་ཡང་ ཞི་གཡོགཔ་བགྲེསཔ་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་འགྲེསཔ་ཚུ་ཡོདཔ་ལས་ གཞུང་སྐྱོང་གི་དོན་ལས་ དཀའ་ངལ་དང་ ཚ་གྱང་ལང་དགོཔ་ ག་ནི་ཡང་མེད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློན་ཆེན་བགྲེསཔ་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་གིས་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་མི་ མི་སེར་དམངས་གཙོའི་ཚོགས་པ་དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ ༢ ལུ་ བཀྲིས་བདེ་ལེགས་ཡོད་ཟེར་ཨིན་པས།
དུས་ཅི་ འགོ་ཐོག་བཙག་འཐུའི་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་ ༤༡,༡༠༦ ཐོབ་མི་དེ་ བརྒྱ་ཆ་ ༡༣.༡༢ དང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་ ༤༦,༦༩༤ ཐོབ་མི་དེ་ བརྒྱ་ཆ་༡༤.༩༡ དེ་ལས་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་ ༣༠,༧༡༤ ཐོབ་མི་དེ་ བརྒྱ་ཆ་ ༩.༨༣ ཨིན་པས།
མ་གཞི་ རྒྱལ་ཁབ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་ ༤༩༧,༠༥༨ ལས་ འགོ་ཐོག་བཙག་འཐུའི་ནང་ མི་ངོམ་ ༣༡༣,༡༦༢ ཀྱིས་ ཚོགས་རྒྱན་བཙུགས་མི་དེ་ བརྒྱ་ཆ་ ༦༣ ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1407582
Views Today :
Total views : 5000
Who's Online :