
སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ འགོ་འདྲེན་འཐབ་མི་ འགོ་ཐོག་བཙག་འཐུའི་ནང་ལས་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་ལངམ་སྦེ་ མ་ཐོབ་པ་ལུ་བརྟེན་ཏེ་ ཤུལ་མའི་བཙག་འཐུའི་ནང་ རྒྱལ་ཁམས་ལས་ མ་དངུལ་གྱི་ རྒྱབ་སྐྱོར་མི་འཐོབ་ནི་ཨིན་པས།
དེ་ཡང་ མི་མང་བཙག་འཐུའི་ མ་དངུལ་གྱི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ རྒྱལ་ཁམས་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཐོབ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ལས་ ཚོགས་རྒྱན་ཉུང་ཤོས་ར་ བརྒྱ་ཆ་ ༡༠ ཐོབ་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
ད་རེས་ འབྲུག་མཐུན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ ༣༡༣,༡༦༢ ལས་ བརྒྱ་ཆ་ ༩.༨༣ མ་གཏོགས་ ཐོབ་མ་ཚུགས་པའི་ཁར་ དེ་ཡང་ འདེམས་ཁོངས་མང་ཤོས་ཅིག་ལས་ར་ ཕམ་སོངཔ་ཨིན་པས།
དེ་མ་ཚད་ འབྲུག་མཐུན་འབྲེལ་ཚོགས་གཙོ་འཛིན་ ཀུན་དགའ་ཚེ་རིང་གིས་ ཁོ་རའི་འདེམས་ཁོངས་ བྱང་ཐིམ་ཕུ་ལས་ར་ ཚོགས་རྒྱན་བསྡོམས་ ༦༦༩ ལས་ ཐོབ་མ་ཚུགསཔ་ད་ མི་སེར་དམངས་གཙོའི་ཚོགས་པ་གིས་ ཚོགས་རྒྱན་བསྡོམས་ ༡,༦༠༢ ཐོབ་མི་དེ་ སྲིད་དོན་ཚོགས་པ་གཞན་ཚུ་ལས་ མཐོ་ཤོས་ཨིན་པས།
ཀུན་དགའ་ཚེ་རིང་གིས་ འབྲུག་མཐུན་འབྲེལ་ཚོགས་པའི་ འདེམས་ངོ་ཚུ་ ལྕོགས་གྲུབ་ཅན་དང་ ཁྱད་རིག་ཅན་ ཁས་ལེན་ཅན་ཙང་ཙང་ཡོད་རུང་ བཙག་འཐུའི་ནང་ལས་ གྲུབ་འབྲས་དེ་ ཁོང་གི་རེ་བ་ལྟར་དུ་ ཐོན་མ་ཚུགས་ཟེར་ཨིན་པས།
མཐུན་འབྲེལ་ཚོགས་པའི་ནང་ ཡོངས་གྲགས་ཅན་དང་ ལྕོགས་གྲུབ་ཅན་ བློ་གཏད་ཚུགས་པའི་ འདེམས་ངོ་ཚུ་ཡོདཔ་ལས་ མ་འོངས་པ་ལུ་ཡང་ བཅའ་མར་གཏོགས་ཚུགས་པའི་ རེ་བ་ཡོད་ལུགས་ཚུ་ བཤདཔ་ཨིན་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1407869
Views Today :
Total views : 5000
Who's Online :