
སི་ཨེན་ཨེན།
སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ རྒྱ་ནག་དམག་སྡེའི་ མཚོ་དམག་གྲུ་ཆེན་ཚུ་ ཀམ་བོ་ཌི་ཡ་ལུ་ རྒྱ་ནག་གིས་ མ་དངུལ་གྲོགས་རམ་ཐོག་ལས་ གོང་འཕེལ་བཏང་པའི་བསྒང་ཡོད་མི་ མཚོ་གྲུ་བཞག་སའི་ས་གོ་ རིམ་ནེ་བཱལ་བེཛ་ཟེར་སར་ ལྷོད་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་དང་འབྲེལ་ཏེ་ ཡུ་ཨེཛ་ལུ་ རྒྱ་ནག་གིས་ མཚོ་དམག་ཁྱབ་ཚད་ རྒྱ་སྐྱེད་བཏང་དོ་ཡོད་པའི་ ཚ་གྱང་ལངམ་ཨིན་པས།
ཀམ་བོ་ཌི་ཡའི་ སྲུང་སྐྱོབ་བློན་པོ་ ཊི་སེའི་ཧ་གིས་ རྒྱ་ནག་མཚོ་དམག་གི་ གྲུ་ཆེན་ཚུ་ཡོད་སར་ ཁོ་རའི་ཕ་རྒན་དང་གཅིག་ཁར་ ལྟ་སྐོར་འབདཝ་ད་ གྲུ་ཆེན་གཅིག་གི་ འཛུལ་སྟེགས་གུ་ དམག་གྲུའི་མིང་ ཝེན་ཤཱན་ཟེར་ བྲིས་ཏེ་ཡོདཔ་སྦེ་ བཤདཔ་ཨིན་པས།
རྒྱ་ནག་གི་ དམག་མི་ཚུ་ མཚོ་དམག་གྲུ་ཆེན་ཚུ་དང་སྦྲགས་ཏེ་ ཀམ་བོ་ཌི་ཡའི་ དམག་མི་ཚུ་ལུ་ སྦྱོང་བརྡར་བྱིན་པར་ ལྷོད་ནུག་ཟེར་ཨིན་པས།
སིང་ག་པོར་གྱི་ ཨེཛ་ར་ཇ་རཱཏ་ནམ་ རྒྱལ་སྤྱི་ཞིབ་འཇུག་སློབ་གྲྭ་ལས་ ཞིབ་འཚོལ་པ་ ཀོ་ལིན་ཀོ་གིས་འབད་བ་ཅིན་ རྒྱ་ནག་གི་ གྲུ་ཆེན་ཚུ་ ཀམ་བོ་ཌི་ཡའི་ མཚོ་གྲུ་བཞག་སར་ ལྷོད་མི་དེ་ཡང་ ས་གོ་དེ་ གོང་འཕེལ་བཏང་སྟེ་ མཇུག་བསྡུ་རན་པའི་ རྟགས་མཚན་འོང་ནི་མས་ཟེར་ཨིན་པས།
རྒྱ་ནག་དམག་སྡེའི་ ཁྲི་འཛིན་འོགམ་ ཧེ་ཝེ་དོང་གིས་ ཀམ་བོ་ཌི་ཡའི་བློན་ཆེན་ ཧུན་མ་ནེཊ་ལུ་ རྒྱལ་ཁབ་ ༢ ཀྱི་བར་ན་ བརྗེ་སོར་དང་ ཐབས་ལམ་སྒྲིག་ནི་ མཉམ་འབྲེལ་དམག་སྦྱོང་ དེ་ལས་ དམག་མི་སྦྱོང་བརྡར་ཚུ་ནང་ ག་ནི་བ་ཡང་ ཡུན་བརྟན་ཅན་གྱི་ མཉམ་འབྲེལ་དང་ རྒྱུན་སྐྱོང་འཐབ་སྟེ་ཡོད་ཟེར་ཨིན་པས།
བློན་ཆེན་ཧུན་གྱིས་ཡང་ ཀམ་བོ་ཌི་ཡའི་ དམག་སྡེ་ལུ་ རྒྱ་ནག་གི་ ཁ་ཐུག་ལས་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མི་ལུ་ བཀའ་དྲིན་ཆེ་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཡུ་ཨེཛ་གཞུང་གི་ མགྲིན་ཚབ་ཅིག་གིས་ རྒྱ་ནག་གི་ མཚོ་དམག་གྲུ་ཆེན་ཚུ་ ཝ་ཤིང་ཊཱོན་ལས་ བལྟ་རྟོག་འབད་དོ་ཡོདཔ་ད་ ཀམ་བོ་ཌི་ཡའི་ མཚོ་གྲུ་བཞག་སའི་ ས་གོ་དེ་ རྒྱ་ནག་གི་ དོ་དམ་འོག་ལུ་ཚུད་རུང་ ཚ་གྱང་སྦོམ་ར་ ལང་དགོཔ་མེད་ལུགས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1156
Users Yesterday : 6933
This Month : 65525
This Year : 294366
Total Users : 1006182
Views Today : 9253
Total views : 2925670
Who's Online : 4