
སྤྱི་ཟླ་ ༡༢ པའི་ཚེས་ ༦ གི་དྲོ་པར་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གིས་ ཐིམ་ཕུ་རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ དབུ་རྩེ་བཞེངས་ཚར་མི་ལུ་ བཀྲིས་རབ་གནས་དང་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་ཡོདཔ་ད་ གསུང་ཆོག་ཚུ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ གནང་ཡོདཔ་ཨིན་པས།
ཕོ་བྲང་དེ་ སྤྱི་ལོ་ ༡༦༨༩ ལུ་ སྡེ་སྲིད་ཁྲི་རབས་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ བཞེངས་གནང་ཡོདཔ་ད་ ད་རེས་ ཕོ་བྲང་དེ་ནང་ གསང་སྔགས་རྡོ་རྗེ་ཐེག་པའི་ སློབ་སྦྱོང་སྤེལ་ཁང་ གཞི་བཙུགས་གནང་སྟེ་ཡོདཔ་ཨིན་པས།
རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ དབུ་རྩེ་བསྐྱར་བཞེངས་དེ་ཡང་ ནང་སྲིད་ལྷན་ཁག་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྟ་མགོ་ཉམས་གསོའི་ལས་འགུལ་ གོ་རིམ་དང་པ་དེ་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༢ པའི་ནང་ལས་ འགོ་བཙུགས་ཏེ་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ མཇུག་བསྡུ་ནུག།
རྟ་མགོ་དེ་ ཆོས་དང་འབྲེལ་བའི་ རྒྱལ་ཡོངས་ཀྱི་ བསྟི་གནས་ཅིག་ཨིནམ་ད་ དེ་ཡང་ འབྱུང་རབས་ཅན་གྱི་ དྲན་རྟེན་དང་ ནང་པའི་སློབ་གྲྭ་ཅིག་ཨིན་པའི་ཁར་ དུས་རབས་ ༡༧ པའི་ སྨན་བླུགས་ཀྱི་ ལྡེབས་རིས་རྙིང་ཤོས་ཚུ་ཡང་ཡོད་པའི་ ལྷ་ཁང་ཅིག་ཨིན་པས།
ལྷ་རིས་དེ་ཚུའི་ནང་ རང་བཞིན་ས་གཏེར་གྱི་ ཚོན་རིགས་དང་ གསེར་རིས་ཀྱི་ མཛེས་ཆ་དང་ལྡནམ་ལས་ རྒྱ་ཡོངས་དང་ རྒྱལ་སྤྱིའི་གནས་རིམ་ནང་ སྲོལ་འཁྱུན་ གལ་གནད་ཅན་ཨིན་པས།
དེ་འབདཝ་ལས་ བསྐྱར་བཞེངས་སྐབས་ལུ་ བཟོ་བཀོད་ཚུ་ཡང་ འབྱུང་རབས་ཅན་གྱི་ དྲན་རྟེན་དེ་ ཉམས་སྐྱོན་མེད་པར་ སྔར་ཨིནམ་སྦེ་ བཞག་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་ནུག།
ཉམས་གསོའི་དོན་ལུ་ ལྡེབས་རིས་མི་ཊར་ ༧༠༠ གྲུ་བཞི་འབད་མི་དེ་ཡང་ སྔར་བཞིན་དུ་ སྦྱར་ཚུགས་མི་དེ་ཡང་ འབྲུག་གིས་ མ་འོངས་མི་རབས་ཚུ་གི་དོན་ལས་ སྔར་འཁྱུན་ལམ་སྲོལ་ཚུ་ ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་པའི་ རྟགས་མཚན་ཅིག་ཨིན་པས། ལས་འགུལ་དེ་གི་ གོ་རིམ་ ༢ པའི་ནང་ འཕྲོ་མཐུད་དེ་ར་ རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་ མཐའ་བསྐོར་ཏེ་ཡོད་མི་ སྒྲིག་བཀོད་ཚུ་ ཉམས་བཅོས་དང་ བསྐྱར་བཞེངས་འབད་ནི་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1398931
Views Today :
Total views : 5000
Who's Online :