ནེ་དར་ལེནཛ་གི་ མི་དབང་རྒྱལཔོ་མཆོག་ལུ་ འབྲུག་གི་གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ཡོདཔ།

སྤྱི་ཟླ་ ༡༢ པའི་ཚེས་ ༦ ལུ་ འབྲུག་གི་གཞུང་ཚབ་ མཚོ་སྐྱིད་ཆོས་སྒྲོན་གྱིས་ ནོར་དན་ཕོ་བྲང་ནང་སྦེ་ ནེ་དར་ལེནཛ་གི་ མི་དབང་རྒྱལཔོ་ ཝི་ལིམ་ ཨ་ལི་ཟིན་ཌར་མཆོག་ལུ་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ ཕུལ་ཡོདཔ་ཨིན་པས།
དེ་བསྒང་ ནེ་དར་ལེནཛ་གི་ མི་དབང་རྒྱལཔོ་དང་ མི་དབང་རྒྱལ་བཙུན་ དེ་ལས་ ཌཆ་གི་མི་སེར་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀྲིས་ལེགས་སྨོན་ཚུ་ཞུ་ནུག།
དེ་མ་ཚད་ ནེ་དར་ལེནཛ་གཞུང་གིས་ དམིགས་བསལ་དུ་ འབྲུག་གི་གཞི་རྟེན་གོང་འཕེལ་ལུ་ འཕྲོ་མཐུད་དེ་ར་ རྒྱབ་སྐྱོར་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ གཞུང་ཚབ་མཚོ་སྐྱིད་ཆོས་སྒྲོན་གྱིས་ ཨ་མ་ལི་ཡན་བོག་ ཕོ་བྲང་ནང་སྦེ་ ཌེན་མཱག་གི་ མི་དབང་རྒྱལམོ་ ༢ པ་ མར་ག་རི་དཱ་ལུ་མཆོག་ཡང་ གཞུང་ཚབ་ངོ་སྤྲོད་ཀྱི་ ཡིག་ཆ་ཚུ་ཕུལ་ནུག།
ཌེན་མཱག་གི་ མི་དབང་རྒྱལམོ་ ༢ པ་དང་ མི་སེར་ཚུ་ལུ་ མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་གནང་མི་ བཀྲིན་ལེགས་སྨོན་ཚུ་ ཞུ་ཡོདཔ་ཨིན་པས།
ཌེན་མཱག་གིས་ འདས་པའི་ལོ་ངོ་བཅུ་ཕྲག་ ༣ གྱི་རིང་ལུ་ རྒྱབ་སྐྱོར་གང་དྲག་གནང་མི་དང་ མི་དབང་རྒྱལམོ་མཆོག་གིས་ འབྲུག་དང་ ཌེན་མཱག་གི་བར་ན་ མཛའ་བཤེས་མཐུན་ལམ་ རྩ་བརྟན་བཟོ་ནིའི་དོན་ལས ཁས་ལེན་མཛད་མི་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ནུག།
གཞུང་ཚབ་ཀྱིས་ ཌེན་མཱག་གི་ ཕྱི་འབྲེལ་འགོ་དཔོན་དང་ འབྲུག་ལས་ ཌེན་མཱག་གི་དོན་གཅོདཔ་ དེ་ལས་ ཌེན་མཱག་ལུ་ མཐུན་འབྲེལ་ཚོགས་སྡེའི་ འཐུས་མི་ཚུ་དང་ཡང་ ཕྱད་ཡོདཔ་ད་ འབྲུག་གིས་ ཌེན་མཱག་དང་ ནེ་དར་ལེནཛ་གི་བར་ན་ དོན་གཅོད་མཐུན་འབྲེལ་དེ་ སྤྱི་ལོ་ ༡༩༨༥ ལུ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
མཚོ་སྐྱིད་ཆོས་སྒྲོན་དེ་ བེལ་ཇི་ཡམ་དང་ ཡུ་རོ་པི་ཡཱན་ ཡུ་ནེ་འོན་གྱི་ གནས་བཞུགས་སྐུ་ཚབ་དང་ ཌེན་མཱག་དང་ ཕིན་ལེན་ ནེ་དར་ལེན་ སུ་ཡི་ཌེན་ སི་པེན་ དེ་ལས་ ཇར་མ་ཚུ་ནང་ མཉམ་འབྲེལ་དོན་གཅོདཔ་ཨིན་པའི་གནས་ཚུལ།

Please follow and like us: