རྒྱ་ནག་གིས་ ཀེ་ན་ཌའི་ ཁ་ཐུག་ལས་ ཕི་ལི་པིནཛ་ལུ་ རྒྱབ་སྐྱོར་འབད་དོ་ཡོད་པའི་ཁ་ཉེས།

རོའི་ཊརཛ།
སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ལུ་ ཀེ་ན་ཌ་ལུ་ཡོད་མི་ རྒྱ་ནག་གཞུང་ཚབ་ཡིག་ཚང་ལས་ མགྲིན་ཚབ་ཅིག་གིས་ རྒྱ་ནག་གི་ ལྷོ་ཕྱོགས་རྒྱ་མཚོ་ ས་འུཐ་ཅའི་ན་སི་ཟེར་སར་ ཀེ་ན་ཌའི་ ཁ་ཐུག་ལས་ ཕི་ལི་པིནཛ་ལུ་ རྒྱབ་སྐྱོར་འབད་མི་དེ་ རྒྱ་ནག་གི་ རང་དབང་ལས་ འགལ་བ་ཨིན་པའི་ གནད་དོན་ཨིན་ལུགས་བཤད་དེ་ ཁ་ཉེས་བཀལ་ནུག།
ཁོ་གིས་འབད་བ་ཅིན་ ས་འུཐ་ཅའི་ན་སི་ཟེར་མི་ རྒྱ་མཚོ་དེ་ ལུང་ཕྱོགས་དེ་ནང་གི་ རྒྱལ་ཁབ་ཚུ་གི་ སྤྱིར་བཏང་གི་ ས་ཆ་འབདཝ་ལས་ རྒྱ་མཚོ་དེ་ནང་ ཀེ་ན་ཌ་དང་ ཡུ་ཨེཛ་རྒྱལ་ཁབ་ཚུ་གིས་ རང་སོའི་མཐའ་དོན་ལུ་ ཤ་བདའ་སའི་ ས་ཁོངས་མིན་ཟེར་ཨིན་པས།
འདས་པའི་ཟླཝ་ཚུ་ནང་ རྒྱ་མཚོ་དེ་ནང་ཡོད་མི་ མཚོ་གླིང་སེ་ཀེན་ཐོ་མཱཛ་ཤཱོལ་ཟེར་མིའི་ མཐའ་འཁོར་ལུ་ རྒྱ་ནག་དང་ ཕི་ལི་པིནཛ་གི་བར་ན་ གདོང་ཐུག་དག་པ་ཅིག་ར་ བྱུང་ཡོདཔ་ད་ ཀེ་ན་ཌ་ལུ་ཡོད་མི་ རྒྱ་ནག་གི་ གཞུང་ཚབ་ཡིག་ཚང་ལས་ ལུང་ཕྱོགས་ཕྱི་ཁའི་རྒྱལ་ཁབ་ ཀེ་ན་ཌ་གིས་ ཕི་ལི་པིནཛ་ རྒྱལ་ཁབ་ཀྱི༌ བློ་སྤོབས་བཏགས་བཅུག་ཡོདཔ་སྦེ་ གསལ་བཤད་འབད་ནུག།
དེ་མ་ཚད་ རྒྱ་ནག་གི་ རང་དབང་ལུ་ རྒྱབ་འགལ་འབད་མི་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ བཀའ་ཁྲིམས་ཀྱི་ དགོངས་དོན་དང་ གཞི་རྩ་ཚུ་ལས་ཡང་ འགལ་བ་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
རྒྱ་ནག་གི་ མཚོ་འགྲམ་སྲུང་སྐྱོབ་སྡེ་ཚན་ཚུ་གིས་ ཕི་ལི་པིནཛ་གི་ གྲུ་ཆུང་ཚུ་གུ་ ལོག་ཅིང་ར་ ཆུ་སྟོབས་ཚུ་ ལག་ལེན་འཐབ་སྟེ་ གནོདཔ་བཀལཝ་མ་ཚད་ ད་རེས་ བདག་དབང་གཏན་འཁེལ་མེད་པའི་ ས་གོ་ནང་ ཕི་ལི་པིནཛ་གི་ གྲུ་ཟིང་གུ་ རྒྱ་ནག་གིས་ གནོདཔ་བཀལ་དོ་ཡོད་པའི་ ཁ་ཉེས་ཚུ་ཡང་ བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: