
བི་བི་སི།
ཨཱཛ་ཊེ་ལི་ཡ་གིས་ སྤྱི་ལོ་ ༢༠༢༤ ལུ་ རྒྱལ་ཁབ་གཞན་ཁ་ལས་ ཤེས་ཡོན་སྦྱང་པར་ལྷོད་མི་ སློབ་ཕྲུགཔ་ཚུ་གི་དོན་ལུ་ ཕྱི་མི་ནང་བསྐྱོད་ཀྱི་ ཆོག་ཐམ་སྤྲོད་ནི་གི་ སྒྲིག་གཞི་ཚུ་ དམ་དྲགས་བཟོ་ནི་ཨིནམ་ལས་ ཨཱཛ་ཊེ་ལི་ཡའི་ མཐོ་རིམ་ཤེས་རིག་ལས་སྡེ་ཚུ་ལུ་ ཐོ་ཕོག་ནི་བཟུམ་ཅིག་ཡོདཔ་ཨིན་པས།
སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ལུ་ ཨཱཛ་ཊེ་ལི་ཡ་གཞུང་གིས་ གསར་བཏོན་འབད་མི་ ཕྱི་མི་ནང་བསྐྱོད་ཀྱི་ ཐབས་བྱུས་དང་འཁྲིལ་བ་ཅིན་ ཆོག་ཐམ་གྱི་ཞུ་བ་ཚུ་ སྔར་བ་དམ་དྲགས་སྦེ་ ཞིབ་དཔྱད་འབད་ནི་དང་ ནང་བསྐྱོད་ཆོག་ཐམ་གྱི་དོན་ལས་ སློབ་ཕྲུག་ཚུ་གི་ ཨིང་ལིཤ་ཤེས་ཚད་ཀྱི་ སྐུགས་ཚུ་ཡང་ མཐོ་སུ་དགོཔ་སྦེ་ བཟོ་ནི་ཨིན་པས།
དེ་ཡང་ གནས་སྐབས་ཀྱི་ མཐོ་རིམ་ཤེས་ཚད་དོན་ལུ་ སྐུགས་ཚད་ ༦.༠ ལས་ ༦.༥ གི་བར་ན་དང་ སློབ་ཕྲུག་གི་ ཆོག་ཐམ་དོན་ལས་ སྐུགས་ཚད་ ༥.༥ ལས་ ༦.༠ དེ་ལས་ ཨིང་ལིཤ་ཁ་སྐད་ སྦྱོང་བརྡར་ཐོག་ལས་ སློབ་སྦྱོང་འགོ་བཙུགས་མི་ཚུ་གི་དོན་ལས་ སྐུགས་ཚད་ ༤.༥ ལས་ ༥.༠ གི་བར་ན་དང་ གཙུག་ལག་སློབ་སྡེ་ཚུ་གི་ གཞི་རྟེན་ལས་རིམ་ཚུ་ནང་ འཛུལ་མི་ཚུ་གི་དོན་ལས་ སྐུགས་ཚད་ ༥.༥ དགོཔ་སྦེ་ བཟོ་ནི་ཨིན་པས།
ཨིན་རུང་ ཐབས་བྱུས་གསརཔ་དང་འཁྲིལ་བ་ཅིན་ རིག་རྩལ་དང་ ལག་རྩལ་མཐོ་ཤོས་ཡོད་མི་ཚུ་གི་ཐེད་ཁར་ དགོས་མཁོ་ཅན་གྱི་ རིག་རྩལ་དང་ ལག་རྩལ་ཡོད་མི་ཚུ་ལུ་ ནང་བསྐྱོད་ཆོག་ཐམ་གྱི་གནང་བ་ཚུ་ འཇམ་ཏོང་ཏོ་དང་ མགྱོགས་དྲགས་སྦེ་ འཐོབ་ཚུགས་ནི་ཨིན་པས།
སློབ་ཕྲུག་ཚུ་གི་ ནང་བསྐྱོད་ཆོག་ཐམ་ཚུ་ དམ་དྲགས་བཟོ་དགོ་པའི་ གནད་དོན་གཅིགཔོ་འདི་ མཐོ་རིམ་སློབ་གྲྭ་ ག་ཏེ་ཡང་མེད་པར་ཡོད་ལུགས་ཀྱིས་ སློབ་ཕྲུག་ཚུ་ རྒྱལ་ཁབ་ནང་ལེན་ཏེ་ དངུལ་ཕོགས་ཆུང་ཀུའི་ལཱ་ཚུ་ བཀོལ་དོ་ཡོད་པའི་ གནས་སྟངས་རྩ་མེད་གཏང་ནི་ལུ་ དམིགས་པ་བསྐྱེདཔ་ཨིན་པས།
ཐབས་བྱུས་དེ་གིས་ ཨཱཛ་ཊེ་ལི་ཡའི་ གཙུག་ལག་སློབ་སྡེ་ཚུ་ནང་ ཤེས་ཡོན་སྦྱང་མི་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ལུ་ བར་ཆད་འབྱུང་ནི་ཨིནམ་ད་ དེ་ཡང་ སློབ་ཕྲུག་ཚུ་གིས་ འགོ་དང་པ་ གཙུག་ལག་སློབ་སྡེ་ཅིག་ནང་ འཛུལ་ཞུགས་འབད་བའི་ཤུལ་ལས་ སློབ་སྡེ་གནས་གོང་ཆུང་ཀུ་དང་ ཡང་ཅིན་ ཆོས་ཚན་འཇམ་ཤོས་སྦྱང་ནི་གི་ གོ་སྐབས་ཡོད་མི་ཚུ་ལུ་ སྤོ་བཤུད་འབད་མི་དེ་ཡང་ བཀག་ཆ་འབད་ནི་ཨིན་པས།
དེ་མ་ཚད་ ཤེས་ཡོན་སྦྱངས་ཚར་བའི་ཤུལ་ལུ་ ལཱ་འབད་སྡོད་ནི་གི་ དུས་ཡུན་དེ་ཡང་ ཐུང་ཀུ་བཟོ་ནི་ཨིནམ་ད་ དེ་ཡང་ དཔེར་ན་ ད་རེས་ནངས་པར་ མཁས་དབང་གི་ སློབ་སྦྱོང་འབད་མི་ཚུ་ ལོ་ངོ་ ༤ གི་རིངལུ་་ ལཱ་འབད་དེ་ སྡོད་ཆོག་མི་དེ་ ལོ་ངོ་ ༣ ལུ་ མར་ཕབ་འབད་ནི་ཨིན་པས།
དེ་བཟུམ་སྦེ་ མཐོ་རིམ་ཤེས་ཡོན་ སྦྱང་མི་ཚུ་གི་དོན་ལས་ ཤེས་ཡོན་སྦྱངས་ཚར་བའི་ཤུལ་ལུ་ ལཱ་གི་དུས་ཡུན་ ལོ་ངོ་ ༢ སྦེ་ར་ཡོདཔ་ད་ ཞིབ་འཚོལ་གྱི་ དགོས་མཁོ་མེད་པར་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་མི་ཚུ་ལུ་ ལཱ་གི་དུས་ཡུན་དེ་ ལོ་ངོ་ ༣ ལས་ ༢ ལུ་ ཕབ་ནི་ཨིན་རུང་ ཞིབ་འཚོལ་འབད་དེ་ མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་མི་ལུ་ ལཱ་གི་དུས་ཡུན་ སྒྱུར་བཅོས་མེད་པར་ ལོ་ངོ་ ༣ སྦེ་ར་ བཞག་ནི་ཨིན་པས།
སྤྱིར་བཏང་ལུ་ འདས་པའི་ལོ་ངོ་དག་པ་ཅིག་ནང་ ཨཱཛ་ཊེ་ལི་ཡའི་ རྒྱལ་ཁབ་རྐྱངམ་གཅིག་ལུ་མིན་པར་ ཀེ་ན་ཌ་དང་ ཡུ་ཀེ་རྒྱལ་ཁབ་ཚུ་གིས་ཡང་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་ ནང་བསྐྱོད་འབད་ནི་དེ་ དམ་དམ་འབད་ར་ ཞིབ་དཔྱད་འབད་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 4250
Users Yesterday : 4443
This Month : 99137
This Year : 395103
Total Users : 1106919
Views Today : 11815
Total views : 3090445
Who's Online : 14