
ད་རིས་ རང་ཟླ་ ༡༡ པའི་ཚེས་ ༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ ག་ནི་བ་ གལ་ཆེ་བའི་ རྒྱལ་ཡོངས་དུས་ཆེན་ འདི་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་མ་ཚད་ ཕྱི་རྒྱལ་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ཚུ་གི་ནང་ཡང་ བརྩི་སྲུང་ཞུཝ་ཨིན་པས།
དེ་ཡང་ ཧེ་མར་ རྒྱལ་ཁབ་ནང་ དམག་འཁྲུག་དང་ ནད་ཡམས་མུ་གེ་ལ་སོགས་པ་ཚུ་གིས་ མི་སེར་ཚུ་ བརྡབ་གསིག་བཏང་སྟེ་ དགའ་སྐྱིད་ཟེར་མི་ ཡུད་ཙམ་ཅིག་ཡང་མེད་པར་ སྡུག་བསྔལ་གྱི་ངང་ལུ་ སྡོད་དགོཔ་བྱུང་ནུག།
ཨིན་རུང་ ཨྱོན་གུ་རུ་རིན་པོ་ཆེའི་ ལུང་བསྟན་དུས་ལུ་བབས་ཏེ་ གཞུང་གྲྭ་ཚང་གི་ བླ་སློབ་དང་ འབྲུག་གཞུང་ལྷན་རྒྱས་ རྫོང་གཞི་ཁག་གི་དཔོན་ཁག་ འབངས་མི་སེར་ཚུ་ག་ར་ སྤྱི་མཐུན་ཐོག་ལས་ ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱལཔོ་མཛད་དགོ་པའི་ འབའ་གན་ཚུ་ཕུལ་ཏེ་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ འབྲུག་གི་རྒྱལ་རབས་དང་པའི་ གསེར་ཁྲི་ལུ་ མངའ་གསོལ་ཞུ་ནུག།
དུས་དེ་ལས་ཚུར་ ད་ཚུན་ མི་ལོ་ ༡༡༦ གི་རིང་ལུ་ དབང་ཕྱུག་བརྒྱུད་འཛིན་གྱི་ མི་དབང་རིམ་བྱོན་ཚུ་གིས་ རྒྱལ་ཁབ་གོང་འཕེལ་དང་ མི་སེར་ཚུ་ལུ་ སྐྱིད་སྡུག་གང་དྲག་གཟིགས་པའི་ བཀའ་དྲིན་ཁོ་ན་ལུ་བརྟེན་ཏེ་ འབྲུག་རྒྱལ་ཁབ་འདི་ རང་དབང་རང་བཙན་ཐོག་ལུ་ གོང་འཕེལ་འགྱོ་བཞིན་དུ་ཡོད་པའི་གུ་ མི་སེར་ཚུ་ཡང་ ལྷ་ཡུལ་དང་ འགྲན་ཟླ་མེད་པའི་ དགའ་བདེའི་དཔལ་ལུ་ ལོངས་སྤྱོད་བཞིན་དུ་ཡོདཔ་ཨིན།
དེ་འབདཝ་ལས་ རྒྱལ་ཡོངས་དུས་ཆེན་གྱི་ དུས་སྟོན་བཟང་པོའི་ཉིནམ་འདི་ཁར་ འབྲུག་མི་ཡོངས་ཀྱིས་ མི་དབང་ཡབ་མེས་སྲས་གསུམ་གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ག་ར་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ མཛད་པ་འཕྲིན་ལས་ཚུ་ ཡར་ངོའི་ཟླཝ་བཟུམ་སྦེ་ གོང་ལས་གོང་དུ་འཕེལ་བའི་ སྨོན་འདུན་ཞུ་དགོཔ་འདི་ ག་ནི་བ་ གལ་ཅན་ཅིག་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391305
Views Today :
Total views : 5000
Who's Online :