མི་དབང་མངའ་ཞབས་མཆོག་གིས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ།

ཐིམ་ཕུ་ཅང་གླིང་མའི་ཐང་ནང་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལས་ ཕྱག་ལེགས་ཤོམ་སྦེ་ ཞུ་མི་ཚུ་ལུ་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
ཌོག་ཊར་པུ་ནམ་ཁེ་ཊཱལ་པཱལ་སིང་།
དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་མདོ་ཆེན་ ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་གིས་ ལུང་ཕྱོགས་དང་ རྒྱལ་སྤྱིའི་གནས་ཚད་ཁར་ མི་མང་གསོ་བའི་ འཕྲོད་བསྟེན་དང་འབྲེལ་བའི་ གསོ་བའི་ལཱ་ཚུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
རྒྱ་གར་ཨུ་ཏར་ཁཱན་ལས་ སྐྱེས་ལོ་ ༧༤ འབད་མི་ ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་གིས་ འབྲུག་ལུ་ གསོ་བའི་དོན་ལས་ ཐབས་རིག་དང་ མཁས་མཆོག་ མ་དངུལ་ཚུ་གི་ རྒྱབ་སྐྱོར་ཚུ་འབད་བའི་ཁར་ ལྷག་པར་དུ་ཡང་ ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་སྐབས་ལུ་ ནད་ཡམས་ཀྱི་ སྨན་ཁབ་ཐོབ་ནི་ལུ་ རྒྱབ་སྐྱོར་དང་ མ་དངུལ་ས་ཡ་ ༤༡༥ གི་ རྒྱབ་སྐྱོར་ཡང་འབད་ནུག།
ཌོག་ཊར་པུ་ནམ་ ཁེ་ཊཱལ་པཱལ་སིང་དེ་ རྒྱ་གར་རྒྱལ་ཁབ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་མདོ་ཆེན་གྱི་ གོ་གནས་འཆང་མི་ འགོ་དང་པ་ཨིནམ་མ་ཚད་ གསོ་བའི་སྲིད་བྱུས་དང་ ལམ་ལུགས་ཀྱི་ མཁས་མཆོག་ཡང་ཨིནམ་ལས་ མི་ལོ་ ༣༠ ལྷགཔ་ཅིག་གི་རིང་ལུ་ རྒྱལ་ཡོངས་ལུང་ཕྱོགས་དང་ རྒྱལ་སྤྱིའི་གནས་ཚད་ཁར་ མི་མང་འཕྲོད་བསྟེན་ ཡར་དྲགས་བཏང་ནི་ལུ་ བརྩོན་ཤུགས་སྦོམ་བསྐྱེད་དེ་ ཕྱག་ཞུ་ཡོདཔ་ཨིན་པས།
པག་པུམ་ཇིཏ་པར་པའི་པེ་ཊིག།
མཐའ་ཡས་ལེན་ལས་ སྐྱེས་ལོ་ ༤༦ འབད་མི་ པག་པུམ་ཇིཏ་པར་པའི་པེ་ཊིག་གིས་ སྤྱི་ལོ་ ༢༠༢༡ ལས་ བདེ་སྲུང་རིག་རྩལ་ལས་རིམ་ནང་ སློབ་སྟོན་པ་སྦེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོང་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
པག་པུམ་དེ་ རྒྱལ་སྤྱི་དང་ ལུང་ཕྱོགས་ནང་ ཐབ་དཔོན་མཁས་མཆོག་ཅིག་ཨིནམ་ད་ ཐབ་དཔོན་དེ་ལུ་ བཞེས་སྒོ་བཟོ་ནི་དང་ བརྟག་དཔྱད་འབད་ནི་ དེ་ལས་ བཞེས་སྒོ་བཟོ་ཐངས་ཀྱི་ སྦྱོང་བརྡར་བྱིན་ནིའི་ནང་ ལོ་ངོ་ ༢༥ དེ་ཅིག་གི་ ཉམས་མྱོང་ཡོདཔ་ཨིན་པས།
ཁོ་གིས་ བདེ་སྲུང་རིག་རྩལ་སྦྱོང་བརྡར་ནང་ ཆོས་ཚན་ལས་ འགོ་བཙུགས་ཏེ་ སྦྱོང་བརྡར་གྱི་ ཅ་ཆས་མཁོ་སྒྲུབ་འབད་ནི་དང་ གཞི་བཙུགས་འབད་ནི་ སྦྱོང་བརྡར་བྱིན་ནི་ དེ་ལས་ བཀའ་རྒྱ་ཁྲོམ་ནང་ཡོད་མི་ བདེ་སྲུང་རིག་རྩལ་ལས་རིམ་ནང་ བཞེས་སྒོ་བཟོ་ནི་དང་ བཙོང་ནི་ཚུ་གི་ སྦྱོང་བརྡར་ཡང་བྱིན་ནུག།
དེ་མ་ཚད་ ཐིམ་ཕུ་རྟ་བབ་དང་ རྒྱལ་པོའི་ཞིང་ གསེར་གཞོང་སྦྱོང་བརྡར་ལྟེ་བ་ཚུ་གི་ནང་ བདེ་སྲུངཔ་ ༡,༢༠༠ ལྷགཔ་ཅིག་ལུ་ཡང་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
ཀརྨ།
དབང་འདུས་ཕོ་བྲང་ དགའ་སེང་ལོགས་ལས་ སྐྱེས་ལོ་ ༨༢ འབད་མི་ ཀརྨ་གིས་ མི་ལོ་ ༥༨ ལྷགཔ་ཅིག་གི་རིང་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ གསོལ་དཔོན་སྦེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་བའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
དེ་ཡང་ དང་པ་ར་ སྐྱེས་ལོ་ ༡༢ དེ་ཅིག་ཁར་ ཐིབ་ཕུ་བདེ་ཆེན་ཆོས་གླིང་གི་ ཕོ་བྲང་བཞེངས་པའི་སྐབས་ལུ་ ཨ་པའི་ཚབ་སྦེ་ འུར་ལཱ་རྒྱུག་ཡོདཔ་ད་ དེ་ལས་ དབང་འདུས་ཕོ་བྲང་ བསྟན་སྐྱོང་གླིང་ལུ་ དམག་སྦྱོང་ཐེངས་ ༡ པའི་ནང་ལས་ མཐར་འཁྱོལ་བའི་ཤུལ་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ནང་ ལོ་ངོ་ ༣ དེ་ཅིག་ ཕྱག་ཞུ་ནུག།
དེ་ལས་ མི་དབང་ཞིང་གཤེགས་དམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་ སྐུ་སྲུང་དམག་མི་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༡༠ བཞེས་པའི་སྐབས་ལས་སྦེ་ ད་ཚུན་གྱི་བར་ན་ཡང་ ཕྱག་ཞུ་བཞིན་དུ་ཡོདཔ་ཨིན་པས།
ཨ་ཏ་རྡོ་ཕུག།
མོང་སྒར་སྔ་ཚང་ལས་ སྐྱེས་ལོ་ ༨༤ འབད་མི་ ཨ་ཏ་རྡོ་ཕུག་གིས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ ཕྱག་སྒརཔ་དང་ གསོལ་དཔོན་སྦེ་ མི་ལོ་ ༦༡ ལྷགཔ་ཅིག་གི་རིང་ལུ་ ལྷག་བསམ་རྣམ་དག་གི་སྐོ་ལས་ ལེགས་ཤོམ་སྦེ་ ཕྱག་ཞུ་བའི་ ངོས་འཛིན་ལུ་ མི་དབང་མཆོག་གིས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
ཁོ་གིས་ སྐྱེས་ལོ་ ༡༥ ལས་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་གཉིས་པའི་ཞབས་སར་ ལོ་ངོ་ ༢ ཀྱི་རིང་ལུ་ བོད་སྒརཔ་སྦེ་ ཕྱག་ཞུ་བའི་ཤུལ་ལས་ བསྟན་སྐྱོང་གླིང་ལུ་ དམག་སྦྱོང་ཐེངས་ ༣ པའི་ནང་ལས་ སྦྱོང་བརྡར་མཐར་འཁྱོལ་བའི་ཤུལ་ལུ་ མི་དབང་འབྲུག་རྒྱལ་གསུམ་པའི་ སྐུ་སྲུང་དམག་མི་སྦེ་ ལོ་ ༢ ཀྱི་རིང་ལུ་ ཕྱག་ཞུ་ཡོདཔ་མ་ཚད་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༧ ལས་ ད་ཚུན་གྱི་བར་ན་ ཕྱག་ཞུ་བཞིན་དུ་ཡོདཔ་ཨིན་པས།
རྟ་མགྲིན་དབང་ཆེན།
སྤ་རོ་ལམ་གོང་ ཤོ་མོ་གཡུས་ཚན་ལས་ཨིན་མི་ རྟ་མགྲིན་དབང་ཆེན་གྱིས་ སྤྱི་ལོ་ ༢༠༠༨ ལས་ ད་ཚུན་གྱི་རིང་ལུ་ གཟུགས་སྟོབས་འགྲན་བསྡུར་ནང་ལས་ མིཛ་ཊར་བྷུ་ཊཱན་གྱི་ མིང་གཏམ་ལན་ཐེངས་ ༣ ཐོན་ཡོདཔ་མ་ཚད་ དངུལ་གྱི་རྟགས་མ་ ༧ ཡང་ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ལས་ དངུལ་གྱི་རྟགས་མ་ ༢ དང་ རག་གི་རྟགས་མ་ ༡ སྤྱི་ལོ་ ༢༠༡༩ ལུ་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ནང་ལས་ དངུལ་གྱི་རྟགས་མ་ ཐོབ་ཡོདཔ་ད་ སྤྱི་ལོ་ ༢༠༢༣ ལུ་ ལྷོ་ཀོ་རི་ཡ་ལུ་སྦེ་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ ཐེངས་ ༤༡ པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ རྒྱལ་ཁབ་ ༤༨ ལས་ དོ་འགྲན་འབད་མི་ ༤༠༠ དེ་ཅིག་ཡོད་རུང་ རྟ་མགྲིན་དབང་ཆེན་གྱིས་ གསེར་གྱི་རྟགས་མ་ཐོབ་ནུག།
ཁོ་གིས་ འབྲུག་རྒྱལ་ཁབ་ཀྱི་ སྙན་གྲགས་ཐོན་ཡོད་པའི་ ངོས་འཛིན་ལུ་ མི་དབང་ཞབས་ལས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་གནང་ཡི།
བཙན་སྐྱོགས་རྒྱལ་མཚན།
སྤ་རོ་ཤར་པ་ བ་ར་ཏོ་ཁ་ལས་ སྐྱེས་ལོ་ ༢༧ འབད་མི་ བཙན་སྐྱོགས་རྒྱལ་མཚན་དེ་ འབྲུག་གི་རྐང་རིལ་རྩེ་མི་ མཁས་མཆོག་ཅིག་ཨིནམ་མ་ཚད་ འབྲུག་ལས་ ཕྱི་རྒྱལ་ཁག་ལུ་ རྐང་རིལ་རྩེ་མི་སྦེ་ཡང་ གྲལ་གཏོགས་འབད་མི་ དང་པ་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་འཁོད་དང་ རྒྱལ་སྤྱིའི་གནས་ཚད་ཁར་ མིང་གཏམ་ཐོན་པའི་ཁར་ ད་རེས་ ཁོ་ རྒྱལ་ཁབ་ཀྱི་ རྐང་རིལ་རྩེད་འགྲན་པའི་ འགོ་ཁྲིདཔ་ཨིནམ་ད་ རྒྱལ་སྤྱི་རྩེད་འགྲན་ནང་ ལན་ཐེངས་ ༤༧ རྩེ་ཡོདཔ་བཞིན་དུ་ གཱོལ་ ༡༣ བཙུགས་ནུག།
བཙན་སྐྱོགས་རྒྱལ་མཚན་གྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ རྐང་རིལ་སྡེ་ཚན་ ༣ དང་ ཕྱིའི་རྒྱལ་ཁབ་ ༥ གི་ སྡེ་ཚན་ ༨ ཀྱི་ནང་ རྩེད་འགྲན་འབད་ཡོདཔ་ད་ ད་རེས་ ཨིན་ཌོ་ནེ་ཤི་ཡ་ སི་རི་ཝི་ཇ་ཡ་ཟེར་མི་ སྡེ་ཚན་གྱི་ཁ་ཐུག་ལས་ རྩེད་འགྲན་འབདཝ་ཨིན་པས།
ད་ཚུན་གྱི་རིང་ལུ་ སྡེ་ཚན་དང་ ངོ་རྐྱང་གི་ གསོལ་རས་ལེ་ཤ་ཅིག་ ཐོབ་ཡོདཔ་མ་ཚད་ སྤྱི་ལོ་ ༢༠༡༨ ལོར་ རྒྱ་གར་རྒྱལ་ཁབ་ནང་ ཨའི་ལིག་རྩེད་འགྲན་སྐབས་ལུ་ གཱོལ་ཌེན་བཱོལ་དང་ རྩེད་འགྲན་དྲག་ཤོས་ཀྱི་ གསོལ་རས་ཡང་ཐོབ་ནུག།
ཁོ་གིས་ དེ་བཟུམ་མའི་ རྒྱལ་ཁབ་ཀྱི་ མིང་གཏམ་དང་ སྙན་གྲགས་ཐོན་པ་ལུ་བརྟེན་ཏེ་ མི་དབང་ཞབས་ལས་ ཐུགས་ངལ་རངས་ཀྱི་ རྒྱལ་ཡོངས་གཟེངས་ཐོན་ གསེར་གྱི་རྟགས་མ་ གནང་ཡོད་པའི་གནས་ཚུལ།

Please follow and like us: