
སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ རྒྱལ་ཡོངས་དུས་ཆེན་ ཐེངས་ ༡༡༦ པ་ བརྩི་སྲུང་ཞུ་བའི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་མེས་སྲས་གསུམ་གྱིས་ དབུ་གཙོས་པའི་ མི་དབང་རྒྱལ་བཙུན་མཆོག་དང་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ དེ་ལས་ གཞུང་གི་དཔོན་ཁག་ཚུ་དང་ རྒྱལ་སྤྱིའི་དོན་གཅོད་སྐུ་ཚབ་ ཕྱི་རྒྱལ་ཁག་གི་ སྐུ་མགྲོན་ཚུ་གིས་ གྲལ་བཞུགས་མཛད་གནང་ཡི།
དེ་མ་ཚད་ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ གི་ ཕྱི་རོའི་ཆུ་ཚོད་ ༡༠ དེ་ཅིག་ལས་ར་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ཡང་ རྒྱལ་ཡོངས་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལས་ སྤུངས་འཛོམས་འབད་དེ་ གནམ་གཤིས་བསིལ་དྲགས་ནང་ ནུབམོ་ཅིག་ར་ དཀའཝ་དང་དུ་བླངས་ཏེ་ སྒུག་སྡོད་མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་ཚ་གྱང་ཡོད་ལུགས་དང་ རྗེས་སུ་ཡི་རངས་ཡོད་པའི་སྐོར་ལས་ གསུངས་གནང་ཡོདཔ་ཨིན།
རྒྱལ་ཡོངས་དུས་ཆེན་ བརྩིས་སྲུང་གི་སྐབས་ལུ་ དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ ལོ་བསྟར་བཞིན་དུ་ བྱོན་གནངམ་མ་ཚད་ མི་དབང་རྒྱལ་ཡུམ་ལྷན་རྒྱས་ཚུ་གུ་ དུས་ཅི་ དགུང་ལོ་ ༩༣ བཞེས་མི་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་ཡང་ བྱོན་གནང་མི་ལུ་ བཀྲིན་དགའ་ཚོར་དང་ གུས་བཏུད་ཚུ་ ཕུལ་གནང་ཡི།
ཁྲོམ་གསར་པའི་ལས་འགུལ།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ ཁྲོམ་གསརཔ་ཆགས་ནི་ཨིན་པའི་སྐོར་ལས་ གནས་ཚུལ་གོ་ཡི་ག་ཟེར་བའི་ དྲི་བ་གསུངས་གནང་ཡོདཔ་མ་ཚད་ མི་སེར་ཚུ་གིས་ ཁྲོམ་གསརཔ་ཆགས་ནིའི་དོན་ལུ་ རྒྱལ་ཁབ་ག་ཏེ་ཡང་བྱོན་ཏེ་ གསུང་གྲོས་གནང་པའི་ ལོ་རྒྱུས་ཚུ་ ཧ་གོ་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ ལས་འགུལ་གསརཔ་ འགོ་བཙུགས་ནི་དང་ ཁྲོམ་གསརཔ་ཆགས་ནི་ཨིན་མི་དེ་ཡང་ དཔལ་འབྱོར་གྱི་ ལས་འགུལ་དང་ དཔལ་འབྱོར་གྱི་ ལྟེ་བ་གསརཔ་ཅིག་སྦེ་ར་ ཆགས་ནི་ཨིན་པའི་སྐོར་ལས་ མི་སེར་ཡོངས་ལུ་ གསུངས་གནང་ཡི།
ད་རེས་ནངས་པ་ དུས་དང་བསྟུནམ་ད་ ཨ་རྟག་དང་མ་འདྲ་བའི་ ཕྱག་ལཱ་གསརཔ་ཅིག་ ག་ཅི་སྦེ་ འགོ་བཙུགསཔ་ཨིན་ན་དང་ ག་དེ་སྦེ་ འགོ་བཙུགསཔ་ཨིན་ནའི་སྐོར་ལས་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ ལས་འགུལ་གསརཔ་ འགོ་བཙུགས་མི་དེ་ ཁྱད་དུ་འཕགས་པའི་ གོ་སྐབས་བཟང་པོ་ཅིག་ཨིནམ་ད་ དེ་ཡང་ ལྷོ་ཨེ་ཤི་ཡ་ལུ་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་དང་ ཉེ་འདབས་ལུ་ཡོད་མི་ རྒྱལ་ཁབ་དག་པ་ཅིག་ནང་ མི་རློབས་ཀྱི་ཐེད་ཁར་ ཐེར་འབུམ་ ༢ ལྷགཔ་ཅིག་ལས་མེད་ཟེར་ གསུངས་གནང་ཡི།
དེ་འབདཝ་ད་ ལྷོ་ཨེ་ཤི་ཡ་ལས་ འགོ་བཙུགས་ཏེ་ དཔལ་འབྱོར་ལེགས་འགྱུར་ རྒྱ་ཆེ་དྲགས་སྦེ་ར་ འཐོན་དོ་ཡོདཔ་ལས ཤར་ལྷོ་ཨེ་ཤི་ཡ་ཚུན་ལུ་ ཚོང་ལམ་སྒྲིང་སྒྲིང་ཅིག་ འཐོན་འོང་ཟེར་ཨིན་པས།
དེ་ཡང་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ ༢ ལས་ སྣུམ་འཁོར་ནང་སྦེ་ རྒྱ་གར་ཨ་སམ་བརྒྱུད་དེ་ བྱང་ཤར་ལུ་ ཐོན་ཞིནམ་ལས་ མ་ཡན་མར་དང་ མ་ཡན་མར་ལས་ ཝེཏ་ནམ་ལུ་ ལྷོད་ཚུགས་པའི་ཁར་ དེ་ཁ་ལས་ འཕྲོ་མཐུད་དེ་ར་ འགྱོ་བ་ཅིན་ མཐའ་ཡས་ལེན་དང་ དེ་གི་ཉེ་འདབས་ལུ་ཡོད་མི་ ཀམ་བོ་ཌི་ཡ་དང་ ལ་འོཛ་ལུ་ཡང་ ལྷོད་ནི་ཨིནམ་མ་ཚད་ ད་རུང་ དེ་ཁ་ལས་ཡང་ འགྱོ་བ་ཅིན་ མ་ལེ་ཤི་ཡ་དང་ སིངྒ་པོར་ཚུན་ལུ་ ལྷོད་ཚུགས་ཟེར་ གསུངས་གནང་ཡི།
ལྷོ་ཨེ་ཤི་ཡ་དང་ ཤར་ལྷོ་ཨེ་ཤི་ཡའི་བར་ན་ ཚོང་ལམ་འཐོན་པའི་སྐབས་ལུ་ འབྲུག་རྒྱལ་ཁབ་འདི་ ལམ་འདི་གི་སྦུག་ན་ ཕོག་པ་ལུ་བརྟེན་ཏེ་ བྱང་ཁ་ཐུག་གི་ ས་མཚམས་ལུ་ཡང་ སྲིད་བྱུས་གསརཔ་དེ་གིས་ གོ་སྐབས་བཟོ་ཚུགསཔ་ལས ད་ལྟོ་ལས་ར་ ཐབས་ལམ་སྟོན་ཏེ་ ལཱ་ལུ་བརྩོན་ཤུགས་བསྐྱེད་ཐོག་ལས་ དུས་ཚོད་ཁར་ཚུད་པ་ཅིན་ འབྲུག་པའི་མི་སེར་ཚུ་ལུ་ བསམ་གྱིས་མི་ཁྱབ་པའི་ ཁེ་ཕན་འཐོབ་ཟེར་ཨིན་པས།
མི་ཚུ་གིས་ སླབ་མི་ཚུ་ དཔྱེ་འབད་བ་ཅིན་ བུམ་ཐང་སེར་སྦྱངམ་གི་ སྦྱང་བཟུམ་ཅིག་ ཀ་ཊར་དང་ དུ་བཱའི་ལུ་ བཙོང་ཚུགས་པ་ཅིན་ གོང་ཚད་ལོག་བལྟབ་སུམ་བལྟབ་སྦེ་ འཐོབ་ཚུགས་ནི་ཨིན་པའི་གུ་ ཤི་འབྲས་ཀྱི་རིགས་ཡང་ སྒྲོམ་ནང་བཙུགས་ཏེ་ སིངྒ་པོར་དང་ མཐའ་ཡས་ལེན་ལུ་ བསྐྱལ་ཚུགས་པ་ཅིན་ ཕན་ཐོགས་འོང་ནི་དང་ དེ་བཟུམ་སྦེ་ ཤ་མུ་ཚུ་ རྒྱ་པཱན་ལུ་ གཏང་ཚུགས་པ་ཅིན་ མི་སེར་ལུ་ ཕན་ཐོགས་འོང་ཟེར་ཨིན་རུང་ ཚོང་ལམ་དེ་ལུ་བརྟེན་ཏེ་ མི་སེར་ཚུ་ ཕྱུགཔོ་འགྱོ་ཚུགས་ག་ཟེར་བ་ཅིན་ བདེན་འཛིན་མི་རེ་ཟེར་ཨིན་པས།
ཕྱི་རྒྱལ་ཁག་ལུ་སྡོད་མི་ འབྲུག་མི་ཚུ་ལུ་བཀའ་སློབ།
ད་རེས་ནངས་པ་ ན་གཞོན་ཚུ་ ཕོཝ་རྒྱགས་ཏེ་ ཡོན་ཏན་སྦྱངས་ཚར་བའི་ཤུལ་ལས་ ལམ་ཁ་བྱལ་ལུ་ལྷོདཔ་ད་ ཐག་བཅད་དགོ་མི་དེ་ཡང་ ལཱ་འབད་དེ་ རྒྱལ་ཁབ་ནང་ར་ སྡོད་ནི་ཨིན་ན་དང་ དཀའཝ་སྤྱད་རུང་ འཚེར་རུང་ འདྲོག་རུང་ ཕྱིའི་རྒྱལ་ཁབ་ཚུ་ནང་ སོང་ཞིནམ་ལས་ འོང་འབབ་བཟོཝ་ཨིན་རུང་ རང་བཞིན་གྱིས་ སེམས་ཁ་ལུ་ སྡུག་བསྔལ་ཕོགཔ་མས་ཟེར་ གསུངས་གནང་ཡི།
མ་གཞི་ འབྲུག་མི་ཚུ་ ང་བཅས་རའི་ རྒྱལ་ཁབ་ནང་ར་ དགའ་ནི་འདི་གིས་ ག་ཏེ་ཡང་ འགྱོ་དགོ་མནོཝ་མེད་རུང་ གནས་སྟངས་དང་འཁྲིལཝ་ད་ ན་གཞོན་ཚུ་ཕར་བཞག་ གཞུང་གཡོགཔ་ཚུ་དང་ ག་ནི་བ་ ཁག་ཆེ་བའི་ སྨན་ཁང་ནང་གི་ དྲུང་འཚོ་དང་ སྨན་གཡོགམོ་ སློབ་གྲྭའི་སློབ་དཔོན་ དེ་ལས་ བཟོ་བཀོདཔ་དང་ བཟོ་རིགཔ་ཚུ་ག་ར་ མ་འོངས་བུ་གཞི་ཚུ་གི་དོན་ལས་ དོག་གཏད་བཟོ་ཐབས་ལུ་ ཕམ་བུ་གཞི་ཚུ་དང་ ཁ་བྱལ་ཏེ་ འགྱོཝ་ཨིན་པས།
དེ་མ་ཚད་ ང་བཅས་རའི་ རྒྱལ་ཁབ་ནང་ མི་རློབས་འབུམ་ ༧ ལྷགཔ་ཅིག་ལས་ མེད་ནི་དེ་གིས་ མགྱོགས་པ་ར་ མི་ཟ་ལས་ བཟའ་ཁང་མང་ནི་དང་ ཚོང་ཉོ་མི་ལས་ བཙོང་མི་མང་ནི་ཨིན་པའི་གུ་ ག་ཏེ་བལྟ་རུང་ ཁྱིམ་རྐྱབ་སར་མཐོངམ་ལས་ ཁྱིམ་ནང་སྡོད་མི་མེད་པར་ ཁྱོམ་སྟོངམ་སྦེ་ལུས་པའི་ ཉེན་ཁ་ཡང་འདུག།
དེ་འབདཝ་ལས་ ད་ལས་ཕར་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་གཏང་མི་ རྒྱལ་ཁབ་སྦེ་ སྡོད་ནི་མིན་པར་ ཐབས་ལམ་ཚུ་སྟོན་ཏེ་ ང་བཅས་ག་ར་ དཀའཝ་སྤྱད་རུང་ ལགཔ་གཅིག་ཁར་མཐུད་ཞིནམ་ལས་ རྩ་འགེངས་ཏེ་ གོང་འཕེལ་ཐལ་ཚར་བའི་ རྒྱལ་ཁབ་ཅིག་སྦེ་ར་ བཟོ་དགོ་པའི་ བཀའ་སློབ་གནང་ཡི།
ག་དེ་སྦེ་ར་ཨིན་རུང་ ཕྱི་རྒྱལ་ལུ་སྡོད་མི་ འབྲུག་མི་ཚུ་ག་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཁར་དྲན་ཏེ་ར་ བཞུགས་འོང་ཟེར་ གསུངས་གནང་ཡི།
ལས་འགུལ་གསརཔ།
ད་རེས་ དགེ་ལེགས་ཕུག་ལས་འགུལ་ཟེར་ སྲིད་བྱུས་གསརཔ་བརྩམས་མི་ལས་ དཔྱ་ ༡ པོ་དེ་ ཕྱི་རྒྱལ་ཁག་ལུ་སྡོད་མི་ འབྲུག་མི་ཚུ་གི་དོན་ལས་ བརྩམས་གནང་ཡོདཔ་སྦེ་ གསུངས་ཡོདཔ་མ་ཚད་ དེ་ཡང་ ཐུགས་ཁར་དྲན་ཏེ་ར་ བརྩམས་གནང་ཡི་ཟེར་ཨིན་པས།
འབྲུག་མི་ཚུ་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལྷོད་སོང་རུང་ སེམས་དེ་ འབྲུག་ལུ་ཡོད་མི་ ཕམ་སྤུན་ཆ་དང་ ཨ་ལོ་ཚུ་གིས་མ་ཚད་ རྒྱལ་ཁབ་ཡང་ དྲན་བཞིན་དུ་ཡོདཔ་ལས་ གོ་སྐབས་འཐོབ་པ་ཅིན་ རང་གི་གཡུས་ཁར་ ལོག་དགོ་མནོ་མི་ཙང་ཙང་ཨིནམ་ ག་བ་དྲགཔ་སྦེ་ ང་གིས་ཤེས། ད་རེས་ ཕྱག་ལཱ་གསརཔ་ འགོ་བཙུགས་མི་དེ་ཡང་ ཁྱེད་ཆ་ཁྱབ་ རང་གི་རྒྱལ་ཁབ་ནང་ ལོག་འོང་ཚུགས་ནིའི་དོན་ལུ་ ཐབས་ཤེས་དང་ གནས་སྐབས་སྟོནམ་ཨིན།
ད་རེས་ གནས་སྐབས་ཅིག་ ཁྱེད་ཆ་ཁྱབ་ ཕྱི་རྒྱལ་ལུ་ སྡོད་ཞིནམ་ལས་ ན་ལུ་ མ་ཤེས་ མ་མཐོང་མི་ཚུ་ ཧ་གོ་སྟེ་ གནས་སྐབས་གསརཔ་དང་ རིག་པ་གསརཔ་ ཉམས་མྱོང་དང་ ཡོད་ཏན་གསརཔ་ཚུ་ ལེགས་ཤོམ་སྦེ་ ཐོབ་པའི་ཤུལ་ལས་ ང་དང་གཅིག་ཁར་ ལགཔ་མཐུད་དེ་ ང་བཅས་རའི་ རྒྱལ་ཁབ་འདི་ སྒྲིང་སྒྲིང་བཟོ་ཐབས་ལུ་ ཕྱག་ཕྱིད་གང་དྲག་ཞུ་བའི་ ཐུགས་ཀྱི་རེ་བ་ཡོད་ཟེར་ གསུངས་གནང་ཡི།
ང་བཅས་རའི་ མི་སེར་ཚུ་གིས་ སེམས་ཁར་བཞག་དགོཔ།
ང་བཅས་རའི་ རྒྱལ་ཁབ་ནང་ ག་ནི་བ་ ཁག་ཆེ་བའི་ ཕྱག་ལཱ་གསརཔ་ འགོ་བཙུགསཔ་ད་ མི་སེར་ཆེ་འབྲིང་ཆུང་ ༣ ག་ར་གིས་ འགལ་རྐྱེན་བར་ཆད་ཚུ་ ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ འགྱོ་བཅུག་ཟེར་བའི་ སྨོན་ལམ་བཏབ་ནི་ཨིནམ་ ང་གིས་ཤེས། ཨིན་རུང་ དེ་བཟུམ་མའི་ ཕྱག་ལཱ་གསརཔ་གནངམ་ད་ འབྲུག་རྒྱལ་ཁབ་འདི་ གྲ་སྒྲིག་ཡོད་ག་ ཉམས་མྱོང་ཡོད་ག་ གྲུབ་འབྲས་འཐོན་འོང་ག་ཟེར་བའི་ ཚ་གྱང་ལང་མི་རེ་ཡང་ འཐོན་ནི་ཨིན་པས།
དེ་སྦེ་ ཚ་གྱང་ལང་ནི་འདི་ ལེགས་ཤོམ་ཨིན་རུང་ དོགས་པ་ཟ་ནི་མི་འོང་ཟེར་ཨིནམ་ད་ ལཱ་འགོ་བཙུགས་མི་འདི་ ག་དེ་སྦེ་རུང་ མཇུག་བསྡུ་དགོ་ནི་དང་ ལེགས་ཤོམ་འགྱོ་མི་འགྱོ་དེ་ རང་གི་ལག་པར་ཨིནམ་ལས་ རྒྱལ་ཁབ་སྦོམ་ཚུ་གིས་ མ་འབད་མི་དང་ འབད་མ་ཚུགས་མི་ འབད་མ་ནུམ་མི་ཚུ་ར་ གཙོ་བོར་བཏོན་དགོ་ཟེར་གསུངས་ཡི།
རྒྱལ་ཁབ་ནང་ རང་སྐྱོང་གི་ ལུང་ཕྱོགས་ཟེར་ གཞི་བཙུགས་ཐོག་ལས་ དགེ་ལེགས་ཕུག་ལུ་ འཛིན་སྐྱོང་གི་ སྲིད་བྱུས་བརྩམ་ནི་དང་ ཁྲིམས་བརྩམ་ནི་ སྒྲིག་གཞི་དང་ བྱ་སྒོའི་ལམ་ལུགས་ཚུ་གིས་མ་དོ་བར་ འབད་ཆོག་མ་ཆོགཔ་དང་ བཏུབ་མ་བཏུབ་ཚུ་གི་ དབང་ཚད་ག་ར་སྤྲོད་དེ་ ཕྱག་ལཱ་གསརཔ་ མཛད་པའི་སྐབས་ལུ་ རྒྱལ་ཁབ་མང་རབས་ཅིག་གིས་ འགྱིམ་འགྱིམ་ས་ར་ སྡོད་ནི་དང་།
དེ་བསྒང་ རྒྱལ་ཁབ་ལ་ལོ་ཅིག་གིས་ འབྲུག་གི་མཛད་བྱ་ལུ་ སེམས་ཤོར་ཏེ་ རྒྱུ་སྟོབས་དང་ མི་སྟོབས་ཐོག་ལས་ ཁོང་ར་འབད་དགོ་མནོ་རུང་ རྒྱལ་ཁབ་སྦོམ་ནི་དེ་གིས་ གསུང་གྲོས་གནང་པའི་སྐབས་ལུ་ ཁ་འཆམ་མ་ཚུགས་པར་ ཁ་བཏང་མི་གིས་ཁ་བཏང་ དཀྲོགས་མི་གིས་དཀྲོགས་ བཀག་མི་གིས་ བཀག་འབདཝ་ལས་ འགོ་ར་བཙུགས་མི་ཚུགས་ཟེར་ཨིན་པས།
ང་བཅས་རའི་ རྒྱལ་ཁབ་ནང་ འགོ་བཙུགས་ཚུགས་མི་འདི་ རྒྱལ་ཁབ་ཆུང་ མི་རློབས་ཉུང་ རྒྱལཔོ་གཅིག་གི་མངའ་འོག་ལུ་ མི་སེར་གེ་ར་ ཁྱིམ་གཅིག་གི་ ནང་མི་བཟའ་ཚང་བཟུམ་སྦེ་ མི་སེར་གྱིས་ རྒྱལ་ཁབ་ལུ་ ཤ་ཚ་སྟེ འགན་ཁུར་ཧྲིལ་བུར་ འབག་པའི་གུ་ ཁག་ཆེ་བའི་དུས་ཚོད་ཁར་ རྒྱལ་ཁབ་ལུ་ ཕྱག་ཞུ་བར་ འཐོན་ནི་དེ་གིས་ཨིན་ཟེར་ གསུངས་གནང་ཡི།
མི་དབང་འབྲུག་རྒྱལ་བཞི་པ་མཆོག།
རྒྱལ་ཁབ་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཞི་འགྱམ་སྒྲིང་སྒྲིང་སྦེ་ གཞི་བཙུགས་གནང་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ རྒྱལ་ཁབ་ཟེར་ མིང་གཏམ་ཅན་དང་ ནང་པའི་ཆོས་ལྡན་གྱི་ རྒྱལ་ཁབ་བྱིན་རླབས་ཅན་ འགན་ཁུར་འབག་མི་ རྒྱལ་ཁབ་ཅིག་ཨིན་ཟེར་ མི་སེར་ག་ར་གིས་ ཡིད་ཆེས་དང་ རྒྱབ་སྐྱོར་ཧྲིལ་བུར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་གཞིས་དང་ གནས་རྩ་ཅན་ ཆོས་སྡེ་ གྲྭ་ཚང་ འཕགས་པའི་སྡེ་ག་ར་ བདག་འཛིན་ཐོག་ལས་ རྒྱབ་སྐྱོར་གནང་པའི་ཁར་ རྒྱལ་ཁབ་རང་དབང་གི་ངོ་རྟགས་ གོ་དང་ དཀྱི་ར་ ཁ་སྐད་ བཟའ་བཅའ་འགྲོ་ ༣ ཁྱིམ་གྱི་བཟོ་བཀོད་ལས་ འགོ་བཟུང་སྟེ་ མ་ཉམས་པར་ བདག་འཛིན་འཐབ་གནང་སྟེ་ཡོད་ཟེར་ གསུངས་གནང་ཡི།
དེ་འབདཝ་ལས་ ད་རེས་ནངས་པར་ འབྲུགཔ་ཨིན་ཟེརཝ་ད་ སྒྲིག་ལམ་ཆོས་ ༣ དང་ ཐ་དམ་ཚིག་ ལས་རྒྱུ་འབྲས་ བྱ་བ་སྤྱོད་ལམ་ བསམ་པ་སེམས་བསྐྱེད་ འབད་བཞག་བཅའ་བཞག་ཚུ་ ལེགས་ཤོམ་ཡོདཔ་ལས་ འཛམ་གླིང་ནང་ རྒྱལ་ཁབ་ག་ཏེ་ར་འགྱོ་རུ་ མི་མང་ག་ར་གིས་ ཡིད་ཆེས་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ མ་ལྷོད་མི་ ཕྱི་གླིངཔ་ཚུ་ འོང་དགོ་མནོ་སྟེ་ སྡོད་མི་ཙང་ཙང་ཡོདཔ་ད་ ན་ལུ་ ལྷོད་མི་ཚུ་ག་ར་ སེམས་དགའ་དྲགས་ཏེ་ ལོག་འགྱོ་མི་ཨིནམ་ལས་ འདི་བཟུམ་མའི་ གཞི་འགྱམ་དེ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ལེགས་ཤོམ་སྦེ་ བཟོ་གནང་སྟེ་ རྩིས་སྤྲོད་མ་གནང་པ་ཅིན་ ད་རེས་ཀྱི་ ཕྱག་ལཱ་ཁག་ཆེ་ཏོག་ཏོ་འདི་ འགོ་བཙུགས་མ་ཚུགསཔ་འོང་ཟེར་ གསུངས་གནང་ཡི།
ད་ལས་ཕར་ ལཱ་འབདཝ་ད་ལུ་ རང་གི་གྲལ་ཁ་ལས་ མཁསཔ་དང་ ལེགསཔ་ཚུ་ གདམ་ཁ་རྐྱབ་པའི་གུ་ ཕྱི་མི་མཁས་མཆོག་ཚུ་ཡང་ གདམ་ཁ་རྐྱབ་སྟེ་ འབྲུག་ལུ་ འབོ་ཞིནམ་ལས་ རྒྱལཔོ་ང་ར་ སྦུག་ན་འཛུལ་ཏེ་ འཇིགས་སྣང་མེད་པར་ ལྷག་བསམ་རྣམ་དག་གི་སྒོ་ལས་ གྲུབ་འབྲས་མ་འཐོན་ཚུན་ ངལ་མ་འཚོ་བར་ རྩ་འགེངས་ཏེ་ ཕྱག་ཞུ་འོང་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ རང་སྐྱོང་གི་ ལུང་ཕྱོགས་གཞི་བཙུགས།
དགེ་ལེགས་ཕུག་ལུ་ རང་སྐྱོང་གི་ ལུང་ཕྱོགས་ཟེར་ དཔལ་འབྱོར་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིན་མི་དེ་ རྒྱལ་ཁབ་དག་པ་ཅིག་གི་ནང་ར་ཡོདཔ་ད་ རྒྱལ་ཁབ་དེ་ཚུའི་ནང་ཡོད་མི་ མི་དེ་ཚུ་ག་ར་ ཕྱུགཔོ་ཨིནམ་ལས་ བཟོ་གྲྭ་འཕྲུལ་ཁང་ ག་ཐོབ་རྐྱབ་སྟེ་ ས་གོ་ཚུ་ནང་ འགྱོ་མི་དེ་ སྲིད་བྱུས་ཀྱི་ཐོག་ལས་སྦེ་ རྒྱབ་སྐྱོར་དང་ རོགས་རམ་སྣ་ཚོགས་བྱིན་ཏེ་ ཕར་ལྷོད་པའི་བསྒང་ལས་ ཚོང་ཅིག་རྐྱབ་རུང་ ལཱ་ཅིག་འབད་རུང་ བྱ་སྟབས་བདེ་ཏོག་ཏོ་སྦེ་ བཟོ་ཤེས་ནི་དེ་གིས་ཨིན་ཟེར་ གསུངས་གནང་ཡི།
འབྲུག་ལུ་ཡང་ དཔལ་འབྱོར་ལྟེ་བ་འདི་ སྒྲུབ་པའི་བསྒང་ལས་ རོགས་བ་ལྷགན་མ་ཤེས་ མ་ཉུངམ་སྦེ་ འབད་དགོཔ་མ་ཚད་ རོགས་དང་ ང་བཅས་ཀྱི་བར་ན་ དབྱེ་བ་ཕྱེ་ཚུགསཔ་སྦེ་ར་ བཟོ་གནང་ནི་ཨིནམ་ད་ འབྲུག་རྒྱལ་ཁབ་བཟུམ་སྦེ་ ག་ཏེ་ཡང་ མེད་མི་དེ་ཡང་ ལཱ་ག་ཅི་འབད་རུང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཏེ་ ཕྱག་ལཱ་གནང་འོང་ཟེར་ཨིན་པས།
དེ་མ་ཚད་ འབྲུག་འདི་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་འབདཝ་ལས་ སངས་རྒྱས་ཀྱི་ བསྟན་པ་འདི་ཡང་ ཡུན་རིང་གནས་ཐབས་ལུ་ དྲན་ཤེས་བསྐྱེད་ནི་དང་ འབྲུག་གི་ཁྱད་ཆོས་བཟངམོ་ཚུ་ཡང་ མི་ཉམས་གོང་འཕེལ་ཐོག་ལས་ འཛམ་གླིང་ནང་ དཔྱེ་སྟོན་བཏུབ་པའི་ ཁྲོམ་ཅིག་སྦེ་ར་ ཆགས་ནི་ཨིན་ཟེར་ གསུངས་གནང་ཡི།
ཁྲོམ་ཆགས་ཐངས།
དགེ་ལེགས་ཕུག་ལུ་ ཁྲོམ་ཆགསཔ་ད་ མི་སེར་ག་ར་ལུ་ ཚ་གྱང་ཡོད་མི་དེ་ཡང་ མི་ཉུང་སུ་བཙུགས་པ་ཅིན་ ང་བཅས་ཀྱི་ དམིགས་ཡུལ་འདི་ འགྲུབ་མི་ཚུགས་ནི་ཨིནམ་ད་ མི་ལེ་ཤ་སྦེ་ ག་ཐོབ་བཙུགས་པ་ཅིན་ རྒྱལ་ཁབ་ལུ་ ཉེན་ཁ་འོང་ནི་ཨིན་རུང་ གདམ་ཁ་རྐྱབ་ཞིནམ་ལས་ མི་ལེགས་ཤོམ་ ཚུལ་དང་ལྡན་ཏོག་ཏོ་དང་ མཁས་དྲགས་ འབྲུག་གི་ལམ་ལུགས་ལུ་ རྒྱབ་སྐྱོར་ཡོད་མི་ ངོ་རྟགས་ལུ་ ཡིད་ཆེས་ཡོད་མི་ ཁྱད་ཆོས་ཚུ་དང་ རྟགས་མཐུན་མི་ མི་སེར་ལུ་ ཕན་ཐོགས་ཅན་དང་ རྒྱལ་ཁབ་ལུ་ ཁག་ཆེ་མི་ཚུ་ བཙུགས་ནི་དེ་ རང་གི་ལག་པར་ཨིན་ཟེར་ གསུངས་གནང་ཡི།
ཁྲོམ་ཆགས་ནིའི་དོན་ལུ་ ས་ཆ་ཨེ་ཀར་འབུམ་ ༢ དང་ སྟོང་ཕྲག་ ༥༠ ལྷགཔ་ཅིག་ཡོད་མི་འདི་ འབྲུག་གི་ས་ཆ་ཡོངས་བསྡོམས་ལས་ བརྒྱ་ཆ་ ༢.༥༠ ལྷགཔ་ཅིག་ཨིནམ་ད་ ས་ཆ་དེ་ནང་ འཆར་གཞི་དང་ སྲིད་བྱུས་ཚུ་ ལེགས་ཤོམ་སྦེ་ བརྩམ་ཞིནམ་ལས་ ལག་ལེན་འཐབ་པ་ཅིན་ གྲུབ་འབྲས་དེ་གིས་ རྫོང་ཁག་ ༢༠ གི་ མི་སེར་ག་ར་ལུ་ རྒྱ་ཆེ་དྲགས་སྦེ་ར་ ཕན་ཐོགས་ཚུགས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་ ཁྲོམ་ཆགས་དགོ་པའི་གནད་ཁུངས།
མི་དབང་ཞབས་ལས་ མི་ཁ་སྐོམ་ད་ ཆུ་ནང་མཆོངས་ནི་མི་འོང་ ཁེ་ཕན་འཐོབ་ནི་རྐྱངམ་ཅིག་ལུ་ བལྟ་མ་སྡོད་པར་ འདི་དང་འབྲེལ་བའི་ ཉེན་ཁ་ཡང་ འཐོན་ནི་ཨིན་རུང་ ད་རེས་ཀྱི་ ཕྱག་ལཱ་གསརཔ་འདི་ ལོ་ལས་ལོ་བཅད་དེ་ མགུ་ལས་མཇུག་ཚུན་ མ་བཏུབ་བཏུབ་སྦེ་ དབྱེ་ཞིབ་མཛད་པའི་ གྲུབ་འབྲས་ཅིག་ཨིན་ཟེར་ གསུངས་གནང་ཡི།
དེ་ཡང་ ལཱ་འགོ་བཙུགས་པའི་སྐབས་ལུ་ རྒྱལ་ཁབ་གཞན་གྱི་ སྲིད་བྱུས་དང་ ཉམས་མྱོང་ཚུ་ལུ་ ལེགས་ཤོམ་སྦེ་གཟིགསཔ་ད་ ཕྱག་ལཱ་འདི་ གསརཔ་མིན་པར་ ཕྱིའི་རྒྱལ་ཁབ་ དག་པ་ཅིག་ནང་ ཧེ་མ་ལས་ར་ འགོ་བཙུགས་ཏེ་ཡོདཔ་ལས་ རྒྱལ་ཁབ་ལ་ལོ་ཅིག་ནང་ ལེགས་ཤོམ་སྦེ་ གྲུབ་འབྲས་ཐོན་ཡོད་རུང་ ལ་ལོ་ཅིག་ནང་ འཐུས་ཤོར་བྱུང་མི་ལུ་ དྲི་དཔྱད་མཛད་དེ་ ལེགས་ཤོམ་སྦེ་ར་ མཁྱེན་ཚུགས་ཅི་ཟེར་ཨིན་པས།
དེ་བཟུམ་མའི་ ལས་འགུལ་སྦོམ་ཅིག་ སྦུག་ན་བཙུགས་མི་འདི་ རྒྱུ་ནོར་ལོངས་སྤྱོད་ཨིནམ་ལས་ ལ་ལོ་ཅིག་གིས་ འཐོབ་ནི་དང་ ཤོར་ནི་ རྒྱལ་ནི་དང་ ཕམ་ནི་ཟེར་ མནོ་བསམ་བཏང་པའི་བསྒང་ལས་ མི་ལེགས་ཤོམ་ཡང་ སེམས་འགྱུར་ཏེ་ ཆང་གིས་ར་བཟི་བཟིཝ་བཟུམ་སྦེ་ སེམས་གནས་པ་མེདཔ་ཐལ་ཏེ་ ཁེ་སང་ལུ་ བལྟ་ནི་དེ་གིས་ འདྲེ་གིས་བདའ་དོ་བཟུམ་སྦེ་ ག་ཐོབ་རྐྱབ་སྟེ་ ཟ་ནི་དང་ སྤོགས་ནི་ བརྐུ་ནི་ ངན་ལྷད་ཀྱི་ དབང་ལུ་ཐལ་ཏེ་ འཐུས་ཤོར་སོང་ནུག་ཟེར་ གསུངས་གནང་ཡི།
ཨིན་རུང་ ང་བཅས་རའི་ རྒྱལ་ཁབ་ནང་ འཐུས་ཤོར་ནི་གི་ མནོ་བསམ་མེད་པའི་ཁར་ ད་རེས་ཀྱི་ ཕྱག་ལཱ་དེ་ དོན་དག་འགྲུབ་ཚུགསཔ་སྦེ་ར་ རྩ་འགེངས་དགོཔ་དེ་ གལ་ཆེ་ཟེར་ཨིན་པས།
ཁྲོམ་སྡེ་དེ་གི་དོན་ལུ་ དགེ་ལེགས་ཕུག་ གདམ་ཁ་རྐྱབ་མི་དེ་ མིག་གིས་མཐོང་སར་བཞག་སྟེ་ རྩིས་དག་གཏང་ཚུགསཔ་ བཟོ་ནི་དང་ ར་བ་བསྒོར་ཞིནམ་ལས་ མ་བཏུབ་བཏུབ་སྦེ་ བདག་འཛིན་འཐབ་སྟེ་ འགོ་འདྲེན་འཐབ་ཚུགསཔ་སྦེ་ར་ ལག་ལེན་འཐབ་ནི་ཨིནམ་ལས་ རེ་བ་ལས་ལྷག་པའི་ གྲུབ་འབྲས་འཐོན་འོང་ཟེར་གསུངས་ཡི།
གཞི་རྟེན་མཁོ་ཆས།
དགེ་ལེགས་ཕུག་ལུ་ དཔལ་འབྱོར་གྱི་ལས་སྣ་ཚུ་ འགོ་བཙུགས་པའི་བསྒང་ལས་ མཁོ་སྒྲུབ་འབད་ནི་དང་ གཞི་རྟེན་མཁོ་ཆས་ གསར་སྒྲུབ་འབད་དགོཔ་ ལེ་ཤ་ཅིག་ འཐོན་ནི་ཨིན་མི་དེ་ཡང་ ལམ་གསརཔ་དང་ ཟམ་གསརཔ་ གནམ་གྲུ་ཐང་གསརཔ་ བཟོ་བསྐྲུན་འབད་དགོ་པའི་གུ་ ཕྱི་མི་ནང་ན་བཙུགསཔ་ད་ བཟའ་ཚང་དང་ ཨ་ལོའི་དོན་ལུ་ སློབ་གྲྭ་གསརཔ་དང་ སྨན་ཁང་གསརཔ་ ལཱ་འབད་སའི་ཡིག་ཚང་ སྡོད་སའི་ཁྱིམ་ གཞན་ཡང་ ཕྱག་ལཱ་སྣ་ཚོགས་ འཐོན་པའི་བསྒང་ལས་ སྒེར་སྡེ་ལུ་ རང་བཞིན་གྱིས་ འགན་ཁུར་སྦོམ་ ཕོག་ནི་ཨིནམ་ལས་ སྒེར་སྡེའི་ཁ་ཐུག་ལས་ཡང་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ ཕྱག་ཞུ་ནི་གི་ དུམ་ཁ་དཔག་ཆི་ཟེར་ཨིན་པས།
དེ་བཟུམ་སྦེ་ བཟའ་ཁང་ཅིག་བཙུགས་རུང་ ཚོང་ཁང་ཅིག་བཙུགས་རུང་ ཁག་འབག་གི་ ལཱ་ཅིག་འབད་རུང་ བཟོ་གྲྭ་འཕྲུལ་ཁང་དང་ ས་གཏེར་ལུ་ ཕན་ཐོགས་ཚུགས་ནི་དང་ ད་ལྟོ་འབད་བ་ཅིན་ སོ་ནམ་གྱི་ ལཱ་འབད་མི་ཚུ་ ཕྱིའི་རྒྱལ་ཁབ་ལུ་ མནོ་བསམ་བཏང་སྡོདཔ་ཨིན་རུང་ ཕྱིའི་རྒྱལ་ཁབ་ཟེར་བའི་བསྒང་ལས་ རོགས་དང་འཁྲིལ་དགོ་ནི་དེ་གིས་ རྟག་པ་དང་ བརྟན་པ་ཅིག་ ག་ནི་ཡང་མེད་ཟེར་ གསུངས་གནང་ཡི།
དེ་བ་འདི་ ཕྱི་རྒྱལ་ལུ་ གོང་ག་ཐོབ་མི་དེ་ རང་གི་རྒྱལ་ཁབ་ནང་ར་ ཐབས་ཤེས་གནས་སྐབས་སྟོན་ཏེ་ སྒྲིང་སྒྲིང་སྦེ་ ར་བཏགས་ཚུགས་པ་ཅིན་ ང་བཅས་རའི་ སོ་ནམ་གྱི་ ལཱ་འབད་མི་ཚུ་ལུ་ ལེ་ཤ་གིས་ དྲག་ནི་ཨིན་པའི་ཁར་ ད་རེས་ ན་གཞོན་དང་ ཨ་ལོ་ཚུ་གི་དོན་ལུ་ བཅོ་ཁ་མ་རྐྱབ་པ་ཅིན་ བཀལ་སར་བཀལ་འོང་ཟེར་ཨིན་པས།
དེ་འབདཝ་ལས་ མ་འོངས་པ་ལུ་ ཨ་ལོ་ཚུ་ ཕོཝ་རྒྱགས་རེ་རྒྱགས་ཚད་ ཕྱེད་ཀ་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་བ་ཅིན་ རྒྱལ་ཁབ་ནང་ མི་རྫོགས་ནི་ཨིནམ་ལས་ ན་གཞོན་ཚུ་གིས་ ལཱ་ག་དེ་སྦེ་འབདཝ་ཨིན་ན་དང་ ཡོན་ཏན་ག་དེ་སྦེ་ ལྷབ་ཚུགསཔ་ཨིན་ན་ འོང་འབབ་ག་དེ་སྦེ་ ཐོབ་ཚུགསཔ་ཨིན་ན་ཚུ་ག་ར་ ལེགས་ཤོམ་སྦེ་བལྟ་སྟེ་ ཕྱི་ནང་དབྱེ་བ་མེདཔ་སྦེ་ རང་གི་རྒྱལ་ཁབ་ནང་ གོ་སྐབས་བཟོ་ཚུགས་པ་ཅིན་ ང་བཅས་རའི་ ཨ་ལོ་ཚུ་ ག་ཏེ་ཡང་ མ་འགྱོ་བར་ རྒྱལ་ཁབ་ནང་ར་ སྡོད་ནི་ཨིན་པའི་གུ་ ཕམ་སྤུན་མཆེད་ཚུ་ཡང་ བློ་བདེ་ཟེར་ གསུངས་གནང་ཡི།
ད་རེས་ནངས་པར་ དུས་དང་བསྟུནམ་ད་ ཁྱད་རིག་དང་ འཕྲུལ་རིག་ ཤེས་ཡོན་གསརཔ་ཚུ་གི་སྐོར་ལས་ ང་བཅས་རའི་ ན་གཞོན་ཚུ་གིས་ ཧ་གོ་ཚུགསཔ་དང་ ལག་ལེན་འཐབ་ཚུགསཔ༌ གཡོག༌བཀོལ༌ཚུགསཔ༌ བཟོ་བ་ཅིན་ ན་གཞོན་ཚུ་ རང་བཞིན་གྱིས་ ལོག་འོང་ནི་ཨིནམ་ལས་ འབྲུག་རྒྱལ་ཁབ་ཀྱི་ བང་མཛོད་སྟོངམ་འཐོན་ནི་ཕར་བཞག་ ཡར་འཕར་སོང་སྟེ་ རྒྱལ་ཁབ་སྒྲིང་སྒྲིང་དང་ མི་སེར་ཚུ་ ཡར་བསྐྱེད་བཏགས་འོང་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ ཅང་གླིང་མའི་ཐང་ནང་ སྤུངས་འཛོམས་འབད་མི་དང་ རྒྱང་མཐོང་དང་ ཕེགཛ་བུག་ཐོག་ལས་ རྒྱལ་ཡོངས་དུས་ཆེན་གྱི་ རྟེན་འབྲེལ་བརྩི་སྲུང་ཞུ་སར་ མཇལ་མི་ག་ར་ལུ་ བཀྲ་ཤིས་བདེ་ལེགས་ཡོད་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།




Users Today : 1811
Users Yesterday : 3834
This Month : 109235
This Year : 405201
Total Users : 1117017
Views Today : 5464
Total views : 3107301
Who's Online : 24