
སྤྱི་ཟླ་ ༡༢ པའི་ཚེས་ ༡༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ སེམས་རྟོགས་ཁའི་ རྫོང་ནང་སྦེ་ ཀུ་ཝེཊ་གི་རྒྱལཔོ་ ཤེག་ནཱ་ཝཱཕ་ཨཱལ་ཨ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་ གཤགས་མིའི་དོན་ལས་ ཐུགས་སྨོན་དང་ དཀར་མེ་ཚུ་ ཕུལ་གནང་ནུག།
དེ་བསྒང་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་གིས་མ་ཚད་པར་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་དང་ དོན་གཅོད་གཞུང་ཚབ་ཡིག་ཚང་གི་ འཐུས་མི་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་མངའ་ཞབས་མཆོག་གིས་ རྒྱལཔོ་ཞིང་གཤེགས་ཀྱི་དོན་ལུ་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང དམིགས་བསལ་གྱི་ སྨོན་ལམ་དང་ དཀར་མེ་ཚུ་ ཕུལ་དགོ་པའི་ བཀའ་རྒྱ་ཡང་གནང་ནུག།
སྤྱི་ཟླ་ ༡༢ པའི་ཚེས་ ༡༨ དང་ ༡༩ ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཅོག་གི་ དམིགས་བསལ་སྐུ་ཚབ་སྦེ་ ཀུ་ཝེཊ་ལུ་ བྱོན་ཡོདཔ་བཞིན་དུ་ མི་དབང་རྒྱལ་སྲས་མཆོག་གིས་ རྒྱལཔོ་ཞིང་གཤེགས་ལུ་ གུས་བཏུད་དང་ གཞུང་སྐྱོང་རྒྱལ་པོའི་ སྐུ་འཁོར་དང་ མི་སེར་ལུ་ ཐུགས་གསོ་ཚུ་ ཕུལ་གནང་ཡོེདཔ་ཨིན་པས།
གཞུང་དོན་གཟིགས་སྐོར་སྐབས་ལུ་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ཀུ་ཝའིཊ་གི་ རྒྱལ་པོའི་ཁྲི་ཐོག་ཁར་བྱོན་མི་ མི་དབང་ ཤེག་མེ་ཤཱལ་ ཨཱལ་ཨཱ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་ལུ་ཡང་ བཀྲིས་ལེགས་དར་ ཕུལ་གནང་ནུག།
དེ་བསྒང་ མི་དབང་རྒྱལ་སྲས་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་གི་བློན་ཆེན་བགྲེསཔ་ དྲགོས་ཌོག་ཊར་བློ་གྲོས་ཚེ་རིང་དང་ གཞུང་གི་དཔོན་ཁག་ཚུ་ བྱོན་ཡོདཔ་ཨིན་པས།
དགུང་ལོ་ ༨༦ བཞེས་མི་ ཀུ་ཝེཊ་གི་ རྒྱལཔོ་མཆོག་ སྤྱི་ཟླ་ ༡༢ པའི་ཚེས་ ༡༦ ལུ་ གཤགས་ཡོདཔ་ལས་ མི་དབང་རྒྱལ་སྲས་ ཤེག་མེ་ཤཱལ་ ཨཱལ་ཨཱ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་དེ་ དེ་ཚེ་ར་ ཀུ་ཝེཊ་གི་རྒྱལཔོ་སྦེ་ མཚན་གསོལ་ཞུ་ནུག།
འབྲུག་དང་ ཀུ་ཝེཊ་གི་ དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་ ༡༩༨༣ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ གཞི་བཙུགས་འབད་ཡོདཔ་ལས་ དུས་ཅི་ ལོ་ངོ་ ༤༠ འཁོར་དོ་ཡོདཔ་ད་ འབྲུག་དང་ ཀུ་ཝེཊ་གི་བར་ན་ དམ་ཚིག་གཙང་མའི་ བློ་གཏད་དང་ གུས་བཀུར་ཅན་གྱི་ ཟུང་ཕྱོགས་མཐུན་ལམ་ དམ་ཟབ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 2027
Users Yesterday : 3834
This Month : 109451
This Year : 405417
Total Users : 1117233
Views Today : 5752
Total views : 3107589
Who's Online : 17