
སྤྱི་ཟླ་ ༡༢ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དགེ་ལེགས་ཕུག་ལུ་ འབྱུང་རབས་ཅན་གྱི་ འཐུང་ཆུའི་ལས་འགུལ་ཅིག་ འགོ་འབྱེད་རྟེན་འབྲེལ་ མཛད་གནང་ནུག།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༤ པའི་ནང་ལས་ འགོ་བཙུགས་མི་ ལས་འགུལ་དེ་ བདེ་སྲུང་དང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་གྱིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ལག་ལེན་འཐབ་མི་ ལས་འགུལ་ ༤༠ གི་ནང་ལས་ ག་ནི་བ་ སྦོམ་ཤོས་ཨིན་པས།
དེ་བཟུམ་མའི་ རྒྱལ་རབས་ཅན་གྱི་ ལས་འགུལ་དེ་གིས་ དགེ་ལེགས་ཕུག་གི་ ཁྲོམ་ཡོངས་རྫོགས་དང་ ཉེ་འདབས་ཀྱི་ རྒེད་འོག་ལ་ལོ་ཅིག་ལུ་ ཁྱབ་སྟེ་ཡོདཔ་ད་ དེ་ཡང་ དགེ་ལེགས་ཕུག་ ཁྲོམ་སྡེ་དང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ ༢ མཉམ་འབྲེལ་ཐོག་ལས་ ལག་ལེན་འཐབ་ནུག།
ལས་འགུལ་དེ་ དཔེ་སྟོན་བཏུབ་པའི་ འཛིན་སྐྱོང་ཐོག་ལུ་ དངུལ་ཀྲམ་ས་ཡ་ ༣༧༥ དེ་ཅིག་ ཟད་འགྲོ་བཏང་སྟེ་ ཟླ་ངོ་ ༡༩ གི་ ནང་འཁོད་ལུ་ བསྒྲུབས་ཡོདཔ་ད་ འགོ་ཐོག་ཚད་རྩིས་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༤༧༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་གི་ འཐུང་ཆུའི་ལས་འགུལ་ཚུ་ དེང་དུས་ཀྱི་ འཕྲུལ་རིག་གསརཔ་དང་ གནས་ཚད་ཅན་སྦེ་ ལག་ལེན་འཐབ་མི་ཚུ་གི་གྲས་ལས་ དགེ་ལེགས་ཕུག་གི་ ལས་འགུལ་དེ་ ག་ནི་བ་ཡང་ དྲག་ཤོས་ཅིག་སྦེ་ཐོན་ནུག།
ལས་འགུ་དེ་གི་ གཞི་རྟེན་མཁོ་ཆས་ཚུ་ནང་ ཁྱབ་ཆེ་བའི་ འཐུང་ཆུའི་བརྒྱུད་དུང་དང་ ཆུའི་རྐ་འགོ་ལས་ སྙིགས་རོ་བསག་མཛོད་ཚུན་ ག་ནི་བ་ བཙན་ཏོག་ཏོ་གི་ ཆུ་འདྲེན་སྒྲིག་བཀོད་ཚུ་དང་ འཐུང་ཆུ་སྨན་བཅོས་འཕྲུལ་ཁང་ཚུ་ ཚུད་དེ་ཡོདཔ་ད་ འཐུང་ཆུ་དེ་ཡང་ ཀི་ལོ་མི་ཊར་ ༩.༧ ལྷགཔ་ཅིག་ལས་ འཐེན་ཡོདཔ་ཨིན་པས།
ལས་འགུལ་དེ་ནང་ སྙིགས་རོ་བཙག་ནི་དང་ ཆུ་དུང་ལག་ལེན་ཚུ་དང་འབྲེལ་བའི་ ལཱ་ཚུ་ནང་ ལྷོ་ཀོ་རི་ཡ་དང་ མཐའ་ཡས་ལེན་ལས་ རྒྱལ་སྤྱིའི་འཕྲུལ་རིག་མཁས་མཆོག་ཚུ་གིས་ གྲལ་གཏོགས་འབད་ནུག།
ལས་འགུལ་དེ་ནང་ བདེ་སྲུངཔ་ ༢༣༠ ལྷགཔ་ཅིག་གིས་ གྲལ་གཏོགས་འབད་དེ་ གཙང་སྦྲ་དང་ལྡན་པའི་ ཡུན་བརྟན་ཅན་གྱི་ འཐུང་ཆུ་བཏོན་ཡོདཔ་མ་ཚད་ བདེ་སྲུངཔ་ཚུ་ལུ་ཡང་ དེ་བཟུམ་མའི་ ལས་འགུལ་ཚུ་ བཟོ་བསྐྲུན་འབད་ནི་དང་ འཛིན་སྐྱོང་འཐབ་ནི་གི་ རིག་རྩལ་དང་ ཡོན་ཏན་ཚུ་ཡང་ ཐོབ་ཡོདཔ་ཨིན་པས།
བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ལས་འགུལ་དེ་ ནད་ཡམས་ཀྱི་སྐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ བདེ་སྲུངཔ་ཚུ་གིས་ གལ་གནད་ཅན་གྱི་ རྒྱལ་ཡོངས་ལས་འགུལ་ཚུ་ནང་ གྲལ་གཏོགས་འབད་ཐབས་ལུ་དང་ འབྲུག་ལུ་ སྤུས་ཚད་ཅན་གྱི་ གཞི་རྟེན་མཁོ་ཆས་དང་ མཐུན་རྐྱེན་ཚུ་ གོང་འཕེལ་གཏང་ནི་གི་ ལྕོགས་གྲུབ་འཐོབ་ཐབས་ལུ་ འགོ་བཙུགས་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1393789
Views Today :
Total views : 5000
Who's Online :