འབྲུག་མི་ཚུ་གིས་ གཞུང་སྐྱོང་གི་དོན་ལུ་ སྲིད་དོན་ཚོགས་པ་ གསར་རྙིང་ ༢ ལས་ སྲིད་ཚོགས་ག་དེ་ གདམ་ཁ་རྐྱབ་འོང་ག?

སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ འབྲུག་པའི་མི་སེར་ཚུ་གིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོའི་ཚོགས་པ་ ༢ ལས་ སྲིད་ཚོགས་ག་འབད་རུང་ ༡ གཞུང་སྐྱོང་གི་དོན་ལུ་ གསང་བའི་ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འབད་ནི་ཨིན་པས།
མ་གཞི་ ད་ཚུན་གྱི་བར་ན་ གཞུང་སྐྱོང་གི་དོན་ལས་ སྲིད་ཚོགས་གསརཔ་ཅིག་ར་ བཙག་འཐུ་འབད་ཡོད་རུང་ སྤྱི་ཚོགས་བཞི་པའི་ཐེད་ཁར་ མི་སེར་ཚུ་ སྲིད་ཚོགས་ག་འདི་ བཙག་འཐུ་འགྲུབ་འོག་མནོ་བའི་ དོགས་ཟོན་ཐོག་ལུ་ གནས་ཏེ་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ སྲིད་དོན་པ་ ༥ གི་བར་ན་ འགོ་ཐོག་བཙུག་འཐུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ ཚོགས་རྒྱན་ཧ་ལས་སི་སི་སྦེ་ ཐོབ་པ་ལུ་བརྟེན་ཏེ་ མི་སེར་ལ་ལོ་ཅིག་གིས་ གཞུང་སྐྱོང་གི་དོན་ལས་ མི་སེར་དམངས་གཙོའི་ཚོགས་པ་དེ་ བཙག་འཐུ་འགྲུབ་ནི་བཟུམ་ཅིག་ཡོད་པའི་ བསམ་འཆར་བཀོདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་ལ་ལོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་བཟུམ་སྦེ་ར་ སྲིད་ཚོགས་གསརཔ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དེ་ བཙག་འཐུ་མི་འབད་ག་མནོ་བའི་ དོགས་པ་ཡོད་ཟེར་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ སྤྱི་ལོ་ ༢༠༡༣ ལུ་ འགོ་ཐོག་བཙག་འཐུའི་ནང་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོད་རུང་ ཚོགས་རྒྱན་མཐོ་ཤོས་ ཨང་ ༢ པ་ཐོབ་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་བཏང་བཙག་འཐུའི་ནང་ལས་ གཞུང་སྐྱོང་གི་ གོ་སྐབས་ཐོབ་ནུག།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༨ ལུ་ཡང་ སྲིད་དོན་ཚོགས་པ་ཚུ་གི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་མཐོ་ཤོས་ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་དེ་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ ཨང་ ༢ པ་ཨིན་རུང་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ གཞུང་སྐྱོང་གི་ གོ་སྐབས་དེ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཐོབ་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་ཚུ་ལུ་ བལྟ་བ་ཅིན་ གཞུང་སྐྱོང་གི་ གོ་སྐབས་འདི་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ མི་འཐོབ་ག་མནོ་བའི་ དོགས་པ་ཡོད་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ མི་སེར་དམངས་གཙོའི་ཚོགས་པ་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་འཐོབ་པ་ཅིན་ གཞུང་ལན་ཐེངས་ ༢ སྐྱོང་ནི་ཨིནམ་ལས་ རྒྱལ་རབས་ཅན་ཅིག་ འོང་ནི་ཨིན་པས།
ག་དེ་སྦེ་ར་ཨིན་རུང་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་འབྲུག་ཕུན་སུམ་ཚོགས་པ་ འབྲུག་མཐུན་འབྲེལ་ཚོགས་པ་ མི་སེར་དམངས་གཙོའི་ཚོགས་པ་འབདཝ་ད་ སྲིད་ཚོགས་ ༥ གི་བར་ན་ དོ་འགྲན་འབད་ནུག།
དེ་བསྒང་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁོངས་ ༤༧ ལས་ འདེམས་ཁོངས་ ༣༩ དང་ ཚོགས་རྒྱན་ཡོངས་བསྡོམས་ ༡༡༣,༢༡༧ འབདཝ་ད་ བརྒྱ་ཆ་ ༤༢.༥༣ ཐོབ་ཡོདཔ་ད་ བྷུ་ཊཱན་འབྲེལ་ཚོགས་པ་གིས་ འདེམས་ཁོངས་ ༤ དང་ ཚོགས་རྒྱན་ཡོངས་བསྡོམས་ ༦༡,༣༣༡ འབདཝ་ད་ བརྒྱ་ཆ་ ༡༩.༥༨ ཐོབ་ཡོདཔ་ཨིན་པས།
དེ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ ༤༦,༦༩༤ འབདཝ་ད་ བརྒྱ་ཆ་ ༡༤.༩༡ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ ༤༡,༡༠༦ འབདཝ་ད་ བརྒྱ་ཆ་ ༡༣.༡༢ འབྲུག་མཐུན་འབྲེལ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་ ༣༠,༨༡༤ འབདཝ་ད་ བརྒྱ་ཆ་ ༩.༨༣ ཐོབ་ནུག།
འགོ་ཐོག་བཙག་འཐུའི་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ༣༨༡,༧༩༠ ལས་ བརྒྱ་ཆ་ ༥༥ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ དེ་ཡང་ མི་ངོམ་ ༡༧༢,༨༩༠ གིས་ འཕྲུལ་ཆས་ཐོག་ལུ་དང་ མི་ངོམ་ ༣༧,༩༤༠ གིས་ འགྲེམ་ཐོག་ཚོགས་རྒྱན་ བཙུགས་ཡོད་པའི་གནས་ཚུལ།

Please follow and like us: